མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་དགུ་བཅུ་ཡོད་པ་དང་། མི་སུམ་བརྒྱ་དང་རེ་བརྒྱད་ཚོགས་འདུར་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན། སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་འཚོགས་འགོ་བརྩམས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཁྲིན་ཀང་གིས་ཚོགས་འདུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་། ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཁྲིན་ཏུང་ཁྲང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།སྤྲོ་སེམས་འཁོལ་བའི་དགའ་བསུའི་ཁྲོད་དུ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་དེ་ཁག་གསུམ་དུ་བགོས་ཡོད་དེ། གཅིག ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་ཕྱིར་དྲན། གཉིས། ཉིས་སྟོང་ཉེར་བཞི་ལོའི་དམིགས་འབེན་ལས་འགན་དང་བྱ་བ་གཙོ་བོ། གསུམ། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་དངོས་སུ་ཤུགས་སྣོན་པ་བཅས་རེད།
ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོར་རྙོག་འཛིང་ཛ་དྲག་གི་ཕྱི་ཕྱོགས་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་གྱི་མདུན་ནས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཁག་ཁུར་དངོས་སྒྲུབ་ཀྱིས་དངོས་འབེབས་དམ་འཛིན་བྱས་པས། དཔལ་འབྱོར་ལ་རླབས་རིས་རྣམ་པའི་འཕེལ་རྒྱས་དང་ཀྱག་ཀྱོག་རྣམ་པའི་གོང་འཕེལ་བྱུང་ཡོད་ལ། ལོ་ཧྲིལ་བོའི་དཔལ་འབྱོར་འཁོར་སྐྱོད་དེ་སྔོན་ལ་མཐོ་བ་དང་བར་དུ་འཕར་བ། རྗེས་སུ་བརྟན་པ་བཅས་ཀྱི་རྣམ་པ་མངོན་ཡོད་པ་དང་། སྤྱིའི་འཕར་ཚད་བཟང་ཞིང་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་ཀྱི་བརྟན་འཇགས་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྔར་ལས་ཇེ་དྲག་ཏུ་སོང་ནས། སྐྱེ་ཁམས་སྲུང་སྐྱོབ་ཐད་གྲུབ་འབྲས་གསར་བ་མངོན་ཡོད་པ་དང་། དཔལ་འབྱོར་འཁོར་རྒྱུག་ཐད་སྣང་ཚུལ་གསར་བ་བྱུང་ཡོད་ལ། ཐོན་ལས་གནས་བཞིས་སྒུལ་ནུས་གསར་བ་བཏོན་ཡོད་པ་དང་། བཅོས་སྒྱུར་སྒོ་འབྱེད་ལ་གསོན་ཤུགས་གསར་བ་རྒྱས་ཡོད་ཅིང་། བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་གསར་བ་ཐོབ་ཡོད་པ་དང་། དམངས་ཚིས་ཕན་བདེ་ལ་མཐོར་འདེགས་གསར་བ་བྱུང་ཡོད། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་རྗེས། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པ་དང་། ས་ཡོམ་བྱུང་མ་ཐག་ཏུ་བྱེད་ཐབས་སྤྱད་པ་དང་སེམས་ཤུགས་མཉམ་དུ་བཏོན་ནས་ཡོམ་འགོག་རྒུད་སྐྱོབ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕྱོགས་ཡོངས་ནས་མགོ་བརྩམས་ཏེ་ཡོམ་འགོག་རྒུད་སྐྱོབ་དང་ཁྱིམ་གཞི་བསྐྱར་འཛུགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏན་གིས་སྤེལ་ནས། དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་བསྐྲུན་པའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་སྐུལ་འདེད། ཞིབ་བརྟག་ལེགས་བཅོས། སྒྲིག་འཛུགས་ལུགས་གཏོད་བཅས་གཞི་གཅིག་ཏུ་སྤེལ་ལ། གྱོད་གཞིས་ལེགས་བཅོས་ལ་སྐུལ་བ་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་བྱས་ལ། ལམ་ལུགས་རྐྱེན་སྲོལ་སུམ་ཅུ་ལྷག་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བར་ཆད་བྱེད་པའི་དཀའ་གནད་སྐོར་ཞིག་ནུས་ལྡན་སྒོས་ཐག་བཅད་དེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ལྔར་གྲོས་ཞིབ་བྱེད་པ་དང་ཁྲིམས་སྲོལ་ཁག་བདུན་བཟོ་བཅོས་དང་བཀོལ་མཚམས་འཇོག་རྒྱུའི་རེ་ཞུ་བྱས་ལ། རང་རྟོགས་སྒོས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། སྲིད་གྲོས་དམངས་གཙོའི་ལྟ་སྐུལ་བཅས་དང་ལེན་བྱས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་བཅས་ཀྱི་གྲོས་གཞི་ལ་ནན་མོར་ཉན་ཞིང་། དམངས་ཆེན་འཐུས་མིའི་གྲོས་གཞི་དང་སྲིད་གྲོས་ཀྱི་གྲོས་གཞི་ཡོངས་རྫོགས་བསྒྲུབས་ནས་ཕྱིར་ལན་བཏབ་པ་དང་ཡིད་ཚིམ་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཤིང་། སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཐད་ནས་མཐོར་འདེགས་གསར་བ་བྱུང་།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ལ་ཕྱིར་ལྟ་བྱས་ན། ང་ཚོས་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཁྲོད་རང་འགུལ་གྱིས་འབད་འཐབ་བྱས་པ་དང་། དཀའ་ངལ་གདོང་གིས་བསུ་བའི་ཁྲོད་ཞུམ་མེད་མདུན་སྐྱོད་བྱས་ལ། འབད་པ་གཅིག་མཐུད་གཉིས་མཐུད་དང་འགག་སྒོ་གཅིག་བརྒལ་གཉིས་བརྒལ་གྱིས་དཀའ་བ་སྤྱད་དེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དང་སྙིང་སྟོབས་སྔར་ལས་ཇེ་ཆེ། སྒུལ་ཤུགས་སྔར་ལས་ཇེ་ཆེར་སོང་། ང་ཚོར་ངེས་ཤེས་སྔར་ལས་ཟབ་མོ་བྱུང་བ་ནི། དུས་རབས་གསར་བའི་སྐྱོད་ལམ་གསར་བར་མཚོ་སྔོན་གྱིས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་རེ་རེ་དང་བྱུང་བའི་འགྱུར་ལྡོག་རེ་རེ་ནི། མཐར་གཏུགས་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་འཆར་འགོད་དང་ཐུགས་ཁུར་གཟིགས་སྐྱོང་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་སྣེ་ཁྲིད་ལ་རག་ལས་ཤིང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱུན་མཐུད་འབད་འཐབ་དང་ཧུར་ཐག་ལྷོད་མེད་བྱས་པའི་གྲུབ་འབྲས་ཡིན་ལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱིས་ནུས་ལྡན་ལྟ་སྐུལ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གྲུབ་འབྲས་ཡིན་པ་དེ་རེད། ཀུན་གྱིས་དེའི་ཐད་དུ་རྔུལ་ཆུ་བཏོན་ཡོད་པ་དང་། སྤྱིར་བཏང་གི་མི་ཚང་མས་དེའི་ཆེད་དུ་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད། གྲུབ་འབྲས་སྤྱི་སྡོམ་བྱེད་པ་དང་མཉམ་དུ། ང་ཚོས་འཕེལ་རྒྱས་ཀྱི་རྨང་གཞི་མི་མཐུག་པ་དང་། འཕེལ་རྒྱས་དོ་མི་མཉམ་ལ་ཕུན་སུམ་མི་ཚོགས་པ་ནི་སྔར་བཞིན་དུ་མཚོ་སྔོན་གྱི་མིག་སྔའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡིན་པ་གསལ་བོར་ཤེས་དགོས་ལ། ང་ཚོས་གནད་དོན་ལ་ཐད་ཀར་དུ་གདོང་གཏོད་པ་དང་དཀའ་སེལ་མདུན་སྐྱོད་བྱས་ཏེ། སྔར་ལས་ནུས་ལྡན་དང་ཕན་ལྡན་སྒོས་ཐག་གཅོད་ངེས་ཡིན།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོའང་ཡིན། སྲིད་གཞུང་བྱ་བ་བཟང་བོར་སྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ཟབ་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ནང་མཁོ་རྒྱ་བསྐྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མཁར་གྲོང་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་བཅས་བྱས་ཏེ་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་ལག་བསྟར་བྱེད་པ། གསར་སྤེལ་གསར་གཏོད་དང་ཡར་བརྩོན་ལྷོད་མེད་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་རྒྱུན་མ་ཆད་པར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་བླངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་དགོས།
ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་གྲངས5%ཡས་མས་འཕར་སྣོན་བྱ་རྒྱུ་དང་། མཁར་གྲོང་གི་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་ཁྲི་དྲུག་གི་ཡན་ལ་སླེབས་པར་བྱ་རྒྱུ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་གནས་སྤོར་ལས་ཞུགས་བྱེད་ཚད་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་གི་ཡན་ལ་སླེབས་པར་བྱ་རྒྱུ། མཁར་གྲོང་གི་བརྟག་དཔྱད་ལས་ཤོར་གྱི་ཚད5.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྤྱོད་ཆོག་པའི་ཡོང་སྒོའི་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་དོ་མཉམ་ཡོང་བར་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་ཐང་འཕར་ཚད3%ཡས་མས་སུ་སླེབས་པར་བྱ་རྒྱུ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ས་ཡ་གཅིག་དང་ཁྲི་བདུན་གྱི་ཡན་དུ་སྲུང་འཛིན་བྱ་རྒྱུ། འབྲི་ཆུ་དང་རྨ་ཆུའི་ཆུ་ལག རྫ་ཆུ་བཅས་ཞིང་ཆེན་ལས་བརྒལ་བའི་བཅད་ཁའི་ཆུ་སྤུས་རིགས་གཉིས་པ་དང་དེའི་ཡན་དུ་གཏན་འཇགས་སྒོས་སྲུང་འཛིན་བྱ་རྒྱུ་དང་མཁའ་དབུགས་སྤུས་ཚད་བཟང་བའི་གནམ་གཤིས་ཀྱི་བསྡུར་ཚད96%ཡན་ལ་སླེབས་པར་བྱ་རྒྱུ། ནུས་ཟད་དྲག་ཚད་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་རྒྱལ་ཁབ་ཀྱི་གཏན་འཁེལ་དམིགས་འབེན་གཅིག་གྱུར་སྒོས་ཡོངས་འགྲུབ་བྱ་རྒྱུ། འབག་བཙོག་དངོས་ཟོག་སྤྱི་འབོར་གྱི་བཙོག་འབུད་ཉུང་གཏོང་ཐད་རྒྱལ་ཁབ་ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་བཅས་ཡིན།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། གོང་དུ་བཏོན་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དེ་དུས་རབས་གསར་བའི་དོན་དམ་གྱི་གནས་ལུགས་སུ་བརྩི་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་འཕེལ་བརྟེན་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར། གཙོ་གནད་འབུར་ཐོན། གནད་འགག་དམ་འཛིན་བཅས་བྱས་ཏེ། ཕྱོགས་བརྒྱད་ཀྱི་ལས་དོན་ཏན་ཏིག་གིས་སྒྲུབ་དགོས། གཅིག མཛེས་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་བསྐྲུན་པར་དམིགས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྲུང་སྐྱོབ་ལ་ཤུགས་བསྣན་ནས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྤུས་ཚད་དང་ཕན་ནུས་མཐོ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་ཧུར་ཐག་དང་བརྟན་འཇགས་ངང་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་མ་ལག་གི་འཛུགས་སྐྲུན་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པར་སྐུལ་སྤེལ་བྱེད་དགོས། གཉིས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་དམིགས་ཏེ། ལྷད་མེད་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན་ནས་སྐུལ་འདེད་གཏོང་དགོས། གསར་གཏོད་ལ་བརྟེན་ནས་ཕྲེང་འབྲེལ་ཤུགས་དྲག་ཏུ་གཏོང་བར་སྔར་ལས་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཚུལ་སྒྱུར་སྤུས་འདེགས་ཀྱི་ཚད་སྔར་ལས་བྱེད་ཐབས་ནན་མོས་ཇེ་མགྱོགས་སུ་གཏོང་བ། གཞི་གྲགས་ནུས་སྣོན་ལ་སྔར་ལས་ཆུ་ཚད་མཐོན་པོས་ཤུགས་སྣོན་པ་བཅས་བྱེད་དགོས། གསུམ། ཕན་མཐོའི་དགོས་མཁོ་རྒྱ་བསྐྱེད་པར་དམིགས་ཏེ། དཔལ་འབྱོར་རྒྱུན་སྲིང་དང་བརྟན་འཇགས་ངང་འཕེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ནུས་ལྡན་གྱི་དངུལ་གཏོང་བར་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་བསྐྱེད་པ་དང་། འཛད་སྤྱོད་རྒྱུན་སྲིང་ངང་རྒྱ་བསྐྱེད་པར་བྱེད་ཐབས་མང་བོས་ཡར་སྐུལ་བྱེད་པ། ནོར་ཁྲལ་དངུལ་རྩའི་རྒྱབ་རྟེན་ལ་ཧུར་ཐག་འབད་ཐག་གིས་ཤུགས་སྣོན་པ་བཅས་བྱེད་དགོས། བཞི། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་དམིགས་ཏེ། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་གཅིག་ཏུ་སྒྲིལ་ནས་ཆེ་རུ་བསྐྱེད་དགོས། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་མཁྲེགས་གཏོར་ཟབ་སྤེལ་བྱེད་པ་དང་། རིགས་སོ་སོའི་ཚོང་གཉེར་གཙོ་གཞིའི་གསོན་ཤུགས་ཕན་ནུས་ལྡན་པར་བསྐྱེད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བསྟུད་མར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལྔ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་དམིགས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་ཤུགས་བཏོན་ནས་སྐུལ་འདེད་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་མེད་པར་བཟང་བོར་འཛིན་པ་དང་། གྲོང་གསེབ་ཐོན་ལས་གནད་འཁེལ་དངོས་གཉེར་གྱིས་སྐྱེད་སྲིང་བྱེད་པ། གྲོང་གསེབ་འཛུགས་སྐྲུན་གྱི་བཅོས་སྐྱོང་ཏན་ཏིག་དང་གོ་རིམ་ལྡན་པར་སྐུལ་སྤེལ་བཅས་བྱེད་དགོས། དྲུག མཉམ་འདྲེས་མཉམ་འབྲེལ་མཉམ་སྤྱོད་བཅས་ལ་དམིགས་ཏེ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་བསྣན་ནས་སྐུལ་འདེད་གཏོང་དགོས། ས་ཁུལ་གྱི་འཕེལ་རྒྱས་སྒུལ་ཤུགས་ཁྱད་ཆོས་ལྡན་པར་བསྐྱེད་པ་དང་། མི་གཙོ་བོར་བཟུང་ནས་མཁར་གྲོང་ཅན་གསར་བའི་འཛུགས་སྐྲུན་སྤེལ་བ། གཉིས་ཕན་མཉམ་རྒྱལ་གྱིས་མཉམ་ལས་བརྗེ་རེས་ཟབ་མོར་སྤེལ་བ་བཅས་བྱེད་དགོས། བདུན། མང་ཚོགས་ཀྱི་འདོད་བློ་དང་རེ་ལྟོས་ལ་དམིགས་ཏེ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཤུགས་བརྒྱབ་ནས་ཇེ་མཐོར་གཏོང་དགོས། ལས་ཞུགས་དམིགས་བསལ་ཁ་ཕྱོགས་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པ། མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་སྔར་ལས་བཟང་བོ་བྱེད་པ། སྤྱི་ཚོགས་འགན་སྲུང་ཞབས་ཞུར་ཤུགས་སྣོན་པ། རིག་གནས་ལུས་རྩལ་ལས་དོན་དར་རྒྱས་གོང་འཕེལ་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཕྱོགས་ཡོངས་ནས་ཡོངས་འགྲུབ་བཅས་བྱེད་དགོས། བརྒྱད། འགན་སྲུང་ནུས་ལྡན་བྱེད་པ་དང་ཉེན་ཁ་འགོག་པར་དམིགས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་དམ་འཛིན་ལེགས་པོ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ཕན་ནུས་མཐོར་འདེགས་སུ་གཏོང་བ་བཅས་བྱེད་དགོས། ང་ཚོས་སྔར་བཞིན་དུ་སྟོབས་ཤུགས་ཡོད་རྒུས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། དམག་དམངས་མཉམ་འདྲེས་སྤུས་ཚད་མཐོན་པོར་གོང་དུ་སྤེལ་བར་སྐུལ་འདེད་བཏང་ནས། དུས་ནམ་ཡང་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་ཞིང་བརྟན་པར་བྱེད་ངེས་ཡིན།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་ལ་དངོས་སུ་ཤུགས་བསྣན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ངེས་པར་དུ་ཆེས་ཆེ་བའི་ཆབ་སྲིད་དུ་བརྩིས་ཏེ། སྔར་ལས་ཀྱང་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་དངོས་འབེབས་འཛིན་པ་དང་། དངོས་འབེབས་ལ་སྐུལ་བ། དངོས་འབེབས་ལ་འགན་སྲུང་བྱས་ནས། ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་དངོས་སུ་དོན་འཁྱོལ་བྱས་ཏེ། བློ་རྩ་བརྟན་པོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཟང་པོ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་མཇུག་མཐར་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་མི་དམངས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་། གཞུང་རྒྱུད་དྲང་ཞིང་སྤྱང་གྲུང་ལྡན། མཐོ་སྒང་གི་ས་གཞི་ཆེན་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། མདུན་ལྗོངས་ཡངས་ཤིང་ཆེ། རང་ཞིང་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་བཟང་བོར་གནས་ཡོད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། མངགས་བཅོལ་སེམས་ལ་འཛིན་པ་དང་། དྲིན་ཚོར་ཡར་བརྩོན། མཐུན་སྒྲིལ་འབད་འཐབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་བའི་སྟེང་སྔར་ལས་འོད་སྟོང་འབར་བའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། མཚོ་སྔོན་བཅའ་སྡོད་དམག་དཔུང་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་ཆེན་ལ་ཞུགས་པའམ་ཡང་ན་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན། ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་སྡོད་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཁག་གི་ཚན་གཙོ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་དང་ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མིན་པའི་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མིན་པའི་རྫོང་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་ཆེན་ལ་ཟུར་ཞུགས་བྱས།