གསར་འགྱུར་གལ་ཆེན
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
།
➤རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་སོ་སོ་ཡོངས་སུ་ལེགས་འགྲུབ་བྱས་ཏེ། ཚེས11ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་སྒྲིལ། གྲོས་ཚོགས་སྟེང་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་ཐོབ། ཚོགས་ཆེན་སྟེང་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཨང21པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ་རེད།
➤ཉེ་ཆར།《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་སྒྲིག》པོད་དང་པོ་དང་པོད་གཉིས་པའི་དབྱིན་ཡིག་གི་པར་གཞི་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱ་རྒྱུ་ཡིན།
➤འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་ཡུས་ཅན་ཧྭ་ཡིས་ད་ལོ་ནས་བཟུང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཏེ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་བསྟན།
➤རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡི་ཅུ་ཀྲང་ལི་ཡུན་ཙེ་ཡིས་མིག་སྔར་རང་རྒྱལ་གྱི་དངུལ་རྩའི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པས་ཉེན་ཁར་ཁ་གཏད་གཅོག་པའི་ཐོན་ཁུངས་དང་ཆ་རྐྱེན་འདང་ཡོད་པ་བསྟན།
➤རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་ཡི་ཅུ་ཀྲང་ཀའོ་ཀྲི་ཏན་གྱིས་ལུས་རྩལ་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ཆད་པ་མཐའ་གཅིག་ཏུ་བཅད་དེ། “རྫུན་མ་དང་རྒྱན་འཛུགས། ནག་གཙང”བཅས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།
➤རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡི་ཅུ་ཀྲང་ཧྲེན་ཁྲང་ཡུས་ཀྱིས་ན་ནིང་ལོ་མཇུག་བར་རང་རྒྱལ་དུ་ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་ཁྲི400ལས་བརྒལ་ཡོད་པ་ངོ་སྤྲོད་བྱས།
➤ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་སོ་སོར་ཁྲི391.9དང་ཁྲི402.6ཟིན་ཏེ། དེ་དུས་མཚུངས་ལས8.1%དང11.1%འཕར་ཡོད།
➤2023ལོར་རྒྱལ་ཡོངས་ཁྲིམས་ཁང་གི་ཉེས་དོན་གྱོད་གཞི་འདྲི་གཅོད་གཉིས་པ་བྱེད་མགོ་ཚུགས་ཚད33.76%ཟིན་ཏེ། དེ2022ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས16.48མཐོ་རུ་ཕྱིན་ཡོད།
➤ཚེས10ཉིན། ཀྲུང་གོའི་ཚོང་ལས་གནམ་གྲུC919ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཡ་ཅ་ཏ་ཐའི་སུའུ་ཅ་ནུའོ-ཧ་རྡ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་གནམ་གྲུའི་མཛོད་དུ་ལྷིང་འཇགས་ཀྱི་རྣམ་པ་བསྟན་པ་རེད།
སྤྱི་ཚོགས།
➤མ་འོངས་པའི་ཉིན་གཉིས་རིང་། རང་རྒྱལ་བྱང་ཕྱོགས་ཀྱི་ས་ཆ་མང་ཆེ་བར་གནམ་ཐང་བ་དང་དྲོད་ཚད་རྒྱུན་མཐུད་ངང་ཡར་འཕར་བ་དང་། ཚེས14ཉིན་གྱི་སྔ་རྗེས་སུ་ཧྭ་བྱང་སོགས་ས་ཆ་མང་པོའི་དྲོད་ཚད་མཐོ་ཤོས20℃ཡས་མས་སུ་སླེབས་རྒྱུ་རེད།
➤ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་གྱོད་གཞི་སྣ་ཚོགས་ཁྲི140.62ཞིབ་གཅོད་བྱས་ཡོད།
➤འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས4ནས10ཉིན་བར་རྒྱལ་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་བསྡུ་ཚད་རིམ་རྩིས་བྱས་ན་དུང་ཕྱུར31.27ཙམ་ཟིན་པ་དང་། དེ་དུས་མཚུངས་ལས8.92%འཕར་ཡོད།
➤ནན་ཅིང་འགག་སྒོ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་དང་གཉིས་པར་ཀྲུང་ཧའི(ལེན་ཡུན་གྲུ་ཁ)ཟོག་འགྲེམས་མཉམ་ལས་རྟེན་གཞིའི་ཀྲུང་ཡོ་རྒྱལ་ཁབ་གཉིས་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཚད་ལྡན་སྒམ་སྐྱེལ་འདྲེན་བྱེད་ཚད་ཁྲི1ལས་བརྒལ་བ་དང་། དེ་དུས་མཚུངས་ལས45.4%འཕར་ཡོད།
➤ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་གྲོང་ཁྱེར་དགུའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི1.29ཟིན་པ་དང་། དུས་མཚུངས་ལས24.6%འཕར་ཡོད།
➤སི་ཁྲོན་གཤོངས་སའི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་སྟོང་ཟིན་པའི་རླངས་ཞིང་སྟེ་ཁྲོན་ནུབ་རླངས་ཞིང་ཕྱོགས་ཡོངས་ནས་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ད་ལོར་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར20ཐོན་རྒྱུ་རེད།

➤ཚེས10ཉིན། “དུས་རབས་ཀྱི་མིག་དཔེ”ཧོ་པེ་ཞིང་ཆེན་དམག་ཁུལ་གྱི་དེ་སྔའི་དམག་སྤྱི་ཀྲང་ལེན་དབྱིང་ནད་ཀྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་སྐུ་གཤེགས། དགུང་ལོ80ཡིན།
➤སྐབས17པའི་ཨེ་ཤེ་ཡའི་གློག་བརྙན་བྱ་དགའ་ཆེན་པོ་དེ་ཚེས10ཉིན་ཤང་ཀང་དུ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། འཁྲབ་ཁྲིད་པ་ཀྲང་དབྱི་མོའུ་ལ་སྐབས་འདིའི་བྱ་དགའ་མཐོ་ཤོས་ཀྱི་གཟི་བརྗིད་མཚན་སྙན་ཚེ་གང་གི་གྲུབ་འབྲས་བྱ་དགའ་ཐོབ་པ་རེད།

➤ཀྲེ་ཅང་ཧང་ཀྲོའུ་ཡི་བུད་མེད་ཅིག་ལམ་འགྲམ་དུ་གློ་བུར་དུ་མགོ་ཡོམ་འཁོར་ནས་ས་ལ་འགྱེལ་པ་དང་། སྨན་པ་ཀྲང་ཧན་དབྱང་གིས་འཕྲལ་དུ་མྱུར་སྐྱོབ་བྱས་པས་བུད་མེད་ཀྱི་ལུས་པོར་སྐྱོན་ཆེན་པོ་མེད།
སྲིད་ཇུས།
➤ཧའེ་ནན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལ་སྲིད་གཞུང་གི་ཁ་གསབ་དང་མི་སྒེར་གྱི་གྲོན་དངུལ་འཇལ་བ་ཟུང་འབྲེལ་བྱས་ཏེ། མང་ཙམ་སྤྲད་ན་ཁ་གསབ་མང་ཙམ་ཐོབ་པ་དང་ཁ་གསབ་མཐོ་ཤོས་སྒོར་320སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན།
➤ཧྥུ་ཅན་གྱིས་དྲ་སྦྲེལ་གྱི་ནད་བརྟག་སྨན་བཅོས་དེ་སྨན་བཅོས་སྤུས་ཚད་ཚོད་འཛིན་མ་ལག་ནང་བཅུག་ནས་སྨན་བཅོས་སྤུས་ཚད་དང་སྨན་བཅོས་བདེ་འཇགས་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན།
➤ཀན་སུའུ་ཡིས་ནས་ཟླ་རེའི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི10མན་གྱི(གྲངས་དངོས་ཚུད་པ)གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པའི་བྱེད་ཐབས་བཀྲམ།
དེ་རིང་གི་གནམ་གཤིས།
➤ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་ལྷོ་ནུབ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ངམ་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད་བོད་ལྗོངས་ཀྱི་ཤར་རྒྱུད་དང་མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་ཙམ་ནས་ཆེ་བ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཁྲུང་ཆིང་གི་དབུས་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།