ཁྲིན་ཞས་ཡོན་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།ལྐོག་རྔན8103ལྷག་བླངས་འདུག
发布时间:2024年03月26日 消息来源:


ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཁྲིན་ཞས་ཡོན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས།

           ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཁྲིན་ཞས་ཡོན་གྱིས་ལྐོག་རྔན་བླངས་པའི་འདྲི་གཅོད་དང་པོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

2024ལོའི་ཟླ3པའི་ཚེས26ཉིན་གྱི་སྔ་དྲོར། ཧུའུ་པེ་ཞིང་ཆེན་ཧོང་ཧྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཁྲིན་ཞས་ཡོན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཡོངས་བསྒྲགས་ངང་ཁྲིམས་ཆད་བསྒྲགས་པ་དང་། ཞུ་སྦྱོར་ཕྱི་མ་ཁྲིན་ཞས་ཡོན་གྱིས་ལྐོག་རྔན་བླངས་པའི་ཉེས་པར་ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་ཚེ་གང་བོར་ཆབ་སྲིད་ཀྱི་དབང་ཆ་མེད་པར་བཟོས་པར་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བྱས་ཤིང་། ལྐོག་རྔན་བླངས་པའི་རྒྱུ་ནོར་ཡོངས་རྫོགས་ཁྲིམས་ལྟར་བདའ་འདེད་བྱས་ཏེ་རྒྱལ་མཛོད་ལ་སྤྲོད་རྒྱུའི་ཆད་པ་བཅད།

ཞིབ་གཅོད་རྩད་ཆོད་མཐའ་གསལ་བྱུང་དོན། 2010ལོ་ནས2023ལོའི་བར་ཞུ་སྦྱོར་ཕྱི་མ་ཁྲིན་ཞས་ཡོན་གྱིས་སྔ་རྗེས་སུ་ཧྲང་ཧའེ་རྒྱལ་སྤྱིའི་གྲུ་ཁའི་བྱ་བའི(སྡེ་ཚོགས)མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་འདོམས་པ་དང་ལས་འཛིན་པ། ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་སྐབས་བརྗེའི་གྲ་སྒྲིག་ཚན་ཆུང་གི་མགོ་འཛིན། ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སོགས་ཀྱི་གོ་གནས་ཀྱི་སྟབས་བདེ་དང་དབང་ཆ་དང་གོ་གནས་སྤྱད་དེ་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་ལ་ལས་གཞི་སྒྲུབ་འགན་ལེན་པ་དང་མ་དངུལ་འཇོག་པའི་གཉེར་སྐྱོང་། འགྲན་བསྡུར་བཀོད་སྒྲིག་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་ཏེ་ཁྱོན་ཁྲིམས་འགལ་ངང་ལྐོག་རྔན8103ལྷག་ཙམ་བླངས་ཡོད་ཅིང་། དེའི་ནང་སྒོར་ཁྲི400ལྷག་དངོས་སུ་ཐོབ་མེད།

ཧོང་ཧྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཁྲིན་ཞས་ཡོན་གྱི་བྱ་སྤྱོད་ཀྱིས་ལྐོག་རྔན་ལེན་པའི་ཉེས་པ་བསགས་པ་དང་གྲངས་འབོར་ཧ་ཅང་ཆེ་བར་ངོས་འཛིན་བྱས། ཁྲིན་ཞས་ཡོན་གྱིས་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སུ་ལས་འགན་འཁུར་སྐབས། རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་དང་ས་གནས་ཀྱི་རྐང་རྩེད་སྤོ་ལོ་མཐུན་ཚོགས་མང་པོར་འགྲན་བསྡུར་བཀོད་སྒྲིག་དང་རིམ་མཚུངས་རིམ་སྤར་འགྲན་སྡུར། ཤན་འབྱེད་དང་ཆད་གཅོད་སོགས་ཀྱི་དོན་དག་ཐད་ཚུལ་མཐུན་མིན་པའི་ཁེ་ཕན་རག་ཐབས་བྱས་ནས། རྐང་རྩེད་སྤོ་ལོའི་ཁྱབ་ཁོངས་ཀྱི་དྲང་གཞག་འགྲན་རྩོད་ཀྱི་སྒྲིག་ལམ་དང་ལས་རིགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་ཚབས་ཆེན་བཟོས་ལ། རྒྱལ་ཁབ་ཀྱི་རྐང་རྩེད་བྱ་གཞག་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། མི་གཞན་ལ་གོ་གནས་སྤར་བའི་ཐད་ཀྱི་སྒོར་ཁྲི400ལྐོག་རྔན་བླངས་པ་དེ་ཉེས་དམིགས་མ་གྲུབ་པ་ཡིན་པར་གཞིགས་ནས་གྱོད་གཞིར་འབྱོར་རྗེས་རང་ཉིད་ཀྱི་ཉེས་པ་ཇི་མ་ཇི་བཞིན་ངོས་ལེན་བྱས་པ་དང་རང་འགུལ་ངང་ལྟ་ཞིབ་ལས་ཁུངས་ཀྱིས་ཁོང་དུ་ཆུད་མེད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོན་དངོས་ཁག་གཅིག་ངོས་ལེན་བྱས་ཤིང་། མི་གཞན་གྱི་ཉེས་གསོག་བྱ་སྤྱོད་ཐེར་འདོན་བྱས་པ་དེ་ཞིབ་བཤེར་བྱས་པ་བརྒྱུད་དོན་དངོས་ར་སྤྲོད་བྱུང་ནས་བྱས་རྗེས་བཞག་པའི་མཚོན་ཚུལ་ཡོད་པ་དང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་ནས་ལྐོག་རྔན་བླངས་ནས་ཐོབ་པའི་རྒྱ་ནོར་ཚང་མ་ཕྱིར་སློག་ཧུར་ཐག་བྱས་པས་ཁྲིམས་ལྟར་ཆད་པ་ཡང་མོ་བཅད་ཆོག ཁྲིམས་ཁང་གིས་གོང་གསལ་ནང་དོན་ལྟར་ཐག་གཅོད་བྱས།
ཕག་མོ་ཚེ་བརྟན་གྱིས་བསྒྱུར།