གསེར་གྱི་རྟགས་མ་བླངས། མཚོ་སྔོན་གྱི་སྟག་ཤར་འདི་ཚོར་བསྟོད།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས25ཉིན། 2024ལོའི་ཀྲུང་གོའི་གཞུང་ལམ་ལྕགས་རྟ་མཉམ་འབྲེལ་འགྲན་བསྡུར་གྱི་ས་ཚིགས་དང་པོ(ཡུན་ནན་མང་གྲོང་ཁྱེར་ས་ཚིགས)དང་ཨེ་ཤེ་ཡའི་གཞུང་ལམ་ལྕགས་རྟ་གཟེངས་རྟགས་འགྲན་བསྡུར་སྐབས43པའི་བུད་མེདU23ཚོ་ཆུང་འདེམས་སྒྲུག་འགྲན་བསྡུར་མཇུག་སྒྲིལ་བ་དང་། དེའི་སྔོན་སྒྲུབ་པའི་སྐྱེས་པའི་སྤྱི་ལེ190ཡི་ཚོ་ཆུང་ཆེ་བའི་འགྲན་བསྡུར་ནང་མཚོ་སྔོན་རུ་ཁག་གིས་ཚོགས་པའི་གསེར་གྱི་རྟགས་མ་བླངས་བ་དང་། དེ་ནི་མཚོ་སྔོན་གྱི་སྐྱེས་པའི་གཞུང་ལམ་ལྕགས་རྟ་རུ་ཁག་ལ2002ལོར་བཙུགས་པ་ནས་ཚོགས་པར་ཐོབ་པའི་གསེར་གྱི་རྟགས་མ་ཐོག་མ་རེད།
ཟླ3པའི་ཚེས24ཉིན་སྐྱེས་པའི་སྤྱི་ལེ190ཡི་ཚོ་ཆུང་འགྲན་བསྡུར་བྱས་པ་དང་འགྲན་ལམ་གྱི་དཀའ་ཁག་ཆེ་བ་དང་སྤྱི་ལེ20ཙམ་གྱི་རི་འཛེག་ལམ་དུམ་ནི་མཐའ་མའི་ཨང་རིམ་གཏན་འཁེལ་བྱེད་པའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་རེད། ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད་མཐར་རང་ཞིང་གི་ལུས་རྩལ་པ་ཀུའོ་ཧྲོའུ་རུང་དང་ཝང་ཅན་ཚའེ། ཡོན་ཀྲན་ཧུའེ་བཅས་ཀྱིས་མཚོ་སྔོན་རུ་ཁག་གི་ཚབ་བྱས་ནས་ཚོགས་པའི་གསེར་གྱི་རྟགས་མ་བླངས་པ་དང་། དུས་མཚུངས་སུ་ཀུའོ་ཧྲོའུ་རུང་ལ་མི་སྒེར་གྱི་དངུལ་གྱི་རྟགས་མ་ཐོབ་ལ། ཝང་ཅན་ཚའེ་ལ་མི་སྒེར་གྱི་ཨང་བཞི་པ་ཐོབ། ཡོན་ཀྲན་ཧུའེ་ལ་མི་སྒེར་གྱི་ཨང་བཅུ་གཉིས་པའི་ཕུལ་བྱུང་གྲུབ་འབྲས་ཐོབ། དེར་མ་ཟད་ཚེས23ཉིན་སྤེལ་བའི་སྐྱེས་པའི་གྲོང་ཁྱེར་སྐོར་བའི་བླང་དོར་འགྲན་བསྡུར་ནང་རང་ཞིང་གི་ལུས་རྩལ་པ་ལི་ཙི་སེན་ལ་མི་སྒེར་གྱི་ཨང་ལྔ་པ་ཐོབ།
ད་ལོའི་འགྲན་བསྡུར་ཐོག་མ་མཇུག་སྒྲིལ་རྗེས། མཚོ་སྔོན་གྱི་སྐྱེས་པའི་གཞུང་ལམ་ལྕགས་རྟ་རུ་ཁག་གི་མི6ལ་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་རྟིང་རྩོད་འགྲན་བསྡུར་གྱི་གསོག་སྐར་ཐོབ་ཅིང་། ཀུའོ་ཧྲོའུ་རུང་ལ་སྐར་མ82དང་ཝང་ཅན་ཚའེ་ལ་སྐར་མ70། ལི་ཙི་སེན་ལ་སྐར་མ63། ཡོན་ཀྲན་ཧུའེ་ལ་སྐར་མ་32། སུན་ཧའེ་ལིན་ལ་སྐར་མ30། ཀྲང་པའོ་ཧྲན་ལ་སྐར་མ14བཅས་ཐོབ་པ་རེད།