ལས་གྲྭ་འདི་ཐོག་དང་པོར་མཚོ་བོད་ས་མཐོར་བསྐྲུན་པ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དཔྱིད་མགོའི་དུས་སུ། ཚྭ་འདམ་གཤོང་སའི་བྱང་མཐའ་རུ་གནས་ཤིང་། ས་བབ་མཐོ་ཚད་སྨི3000ཙམ་ཟིན་པའི་མ་པེ་སྣུམ་ཞིང་ལ་འཚོལ་ཞིབ་ཐུབ་ནས་ལོ20སོང་ཚུན་གྱི་དཔྱིད་དཔལ་རབ་ཏུ་བཞད་པའི་དུས་བཟང་ཞིག་ཤར་ཡོད་དེ། མཚོ་སྔོན་སྣུམ་ཞིང་རླངས་གསོག་བཟོ་གྲྭ་གཉིས་པ་མ་པེ་རླངས་གསོག་མཛོད་ཀྱི་རྣམ་གྲངས་པུའུ་དེ་གར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། དུས་དེ་ནས་བཟུང་། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་། མཚོ་བོད་ས་མཐོའི་རླངས་གསོག་མཛོད་ས་འོག་གསོར་འབིགས་རྩད་ཞིབ་དང་། ས་ངོས་འཛུགས་སྐྲུན་དང་དེ་བཞིན་འབྲེལ་ཡོད་ཆ་ཚང་ལས་གྲྭ་ཐོག་མ་ཁྱོན་ཡོངས་ནས་ལས་མགོ་ཚུགས་པ་དང་། རྣམ་གྲངས་ཕྱོགས་བསྡུས་དོ་དམ་ཚོད་འཛིན་འཁོར་སྐྱོད་སོགས་ཀྱི་ལས་དོན་དུས་གཅིག་ཏུ་སྤེལ་མགོ་ཚུགས་ཡོད།
ཉེ་ཆར། མ་པེ་རླངས་གསོག་མཛོད་རྣམ་གྲངས་པུའུ་དང་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་སྒོ་བྱང་བཀལ་བའི་མཛད་སྒོ་དེ་མཚོ་སྔོན་སྣུམ་ཞིང་མ་པེ་སྣུམ་རླངས་ཞིང་ལས་སྒྲུབ་ཁུལ་གཞུང་དོན་སྒྲུབ་ཁུལ་དུ་འཚོགས་པ་རེད། སྒོ་བྱང་བཀལ་བའི་མཛད་སྒོའི་ཐོག འཛུགས་སྐྲུན་མཁན་ཕྱོགས་ཀྱིས་རླངས་གསོག་མཛོད་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་ཚུགས་རྗེས། རྣམ་གྲངས་དོ་དམ་ལ་དམ་འཛིན་ནན་པོ་བྱེད་པ་དང་། འཛུགས་སྐྲུན་མཁན་ཕྱོགས་དང་ལྟ་སྐུལ་དོ་དམ་མཁན་ཕྱོགས་སོགས་ཕྱོགས་ཁག་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད།
མཚོ་སྔོན་སྣུམ་ཞིང་ནི་རང་རྒྱལ་གྱི་རླངས་ཁུལ་ཆེན་མོ་བཞིའི་གྲས་ཤིག་ཡིན་ཞིང་། ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དུ་གནས་པ་དང་། ཉེ་འཁོར་གྱི་འཛད་སྤྱོད་པའི་རང་བྱུང་སོལ་རླངས་ཀྱི་དགོས་མཁོར་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་ཆེ་ཙམ་ཡོད། རང་བྱུང་སོལ་རླངས་གསོག་མཛོད་འཛུགས་སྐྲུན་བྱེད་སྐབས་དབྱར་སྟོན་གཉིས་ཀྱི་དུས་སུ་རང་བྱུང་སོལ་རླངས་ཁྲོམ་རའི་དགོས་མཁོ་ཆུང་དུ་འགྲོ་སྐབས་སྔོག་འདོན་བྱས་པའི་རང་བྱུང་སོལ་རླངས་ས་འོག་ཏུ་བླུགས་ནས་ཉར་ཚགས་བྱས་པ་དང་། དགུན་ཁ་དང་དཔྱིད་ཀ་གཉིས་སུ་རང་བྱུང་སོལ་རླངས་མཁོ་ཚད་ཆེ་རུ་འགྲོ་སྐབས་སླར་ཡང་སྔོག་འདོན་བྱས་ནས་མཁོ་སྤྲོད་བྱེད་ཀྱི་ཡོད་པས་དེ་ནི་རང་བྱུང་སོལ་རླངས་ཀྱི་ཐོན་སྐྱེད་དང་དགོས་མཁོའི་ཡུལ་དུས་ཀྱི་འགལ་བ་ཐག་གཅོད་བྱེད་པའི་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་བྱ་ཐབས་ཤིག་ཡིན་པ་རེད།
མ་པེ་སྣུམ་ཞིང་དེ2003ལོར་རྙེད་ཅིང་། དེ་ནི་མཚོ་སྔོན་སྣུམ་ཞིང་གི་ཚྭ་འདམ་གཤོང་སའི་བྱང་མཐའ་ནས་ཚད་བརྒལ་ཡོང་ཐབས་བྱེད་པའི་གཡུལ་ས་གཙོ་བོའི་གྲས་ཤིག་ཡིན་པ་དང་། དེར་གྲུབ་ཆ་སྟབས་བདེ་བ་དང་། ཁེབས་རིམ་བཀག་རྒྱ་ཡངས་པ། ས་འོག་ཟབ་ཚད་འོས་འཚམ་ཡིན་པ། གསོག་འཇོག་རིམ་པ་འཚམ་པོ་ཡོད་པ། ཆུའི་ནུས་པ་ཞན་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་རླངས་གསོག་མཛོད་བསྐྲུན་རྒྱུར་འཚམ་པོ་ཡོད་པ་རེད། རྒྱལ་ཁབ་དང་ཀྲུང་གོ་རྡོ་སྣུམ་གྱི་སྤྱིའི་བཀོད་སྒྲིག་ལ་གཞིགས་ན། མ་པེ་རླངས་གསོག་མཛོད་ནི་རྒྱལ་ཡོངས་ཀྱི་བྱང་ཤར་དང་། ཧྭ་བྱང་། ནུབ་བྱང་། ལྷོ་ནུབ། དབུས་ནུབ་རྒྱུད། དབུས་ཤར་རྒྱུད་བཅས་ཀྱི་རླངས་གསོག་ཡར་འདྲེན་ལྟེ་གནས་ཆེན་པོ་དྲུག་གི་སྐྱེ་ལྡན་གྲུབ་ཆ་ཞིག་ཡིན་ཞིང་། རང་བྱུང་སོལ་རླངས་འབྱུང་ཁུངས་ནི་སེ་པེ་སོགས་གཙོ་ནུས་རླངས་ཞིང་དང་མཚོ་སྔོན་གྱི་སྣུམ་ཞིང་བཅས་ནས་ཐོན་གྱི་ཡོད་པ་དང་། ཇུས་འགོད་བྱས་པའི་རླངས་ཀྱི་ཤོང་ཚད་ནི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.61ཡིན་པ་དང་། བསྐྲུན་ཟིན་རྗེས་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གྱི་རང་བྱུང་སོལ་རླངས་མཁོ་འདོན་གྱི་རྩེ་གྲངས་ལེགས་སྒྲིག་དང་། འཕྲལ་སྡོམ་སོལ་རླངས་མཁོ་འདོན། མཚོ་སྔོན་རླངས་ཁུལ་གྱི་ཐོན་སྐྱེད་བརྟན་ལྷིང་ཡོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པས། འཐབ་ཇུས་ཀྱི་གནས་བབ་དང་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།