འཕྲུལ་ཆས་ཡིག་སྒྱུར་ལ་གཟབ་གཟབ་བྱོས།
--- ཨང་ཀིར་སྒྱུར་བའི་དུས་རབས་སུ་གནས་པའི་འཕྲུལ་ཆས་ཡིག་སྒྱུར་གྱི་ཉེན་ཁ་དང་ཚོད་འཛིན་ཞིབ་འཇུག
པད་མ་ཚེ་རིང་གིས་བསྒྱུར།
རྩོམ་སྒྲིག་ ཚེ་གཟུངས་སྐྱིད། ཡོང་ཁུངས། ཁྱུང་སྔོན་རྩོམ་རིགས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཡོད་ཚད་ཨང་ཀིར་སྒྱུར་བའི་དུས་རབས་འདི་ལ་ཆ་འཕྲིན་ཕྱི་མའི་དུས་རབས་ཀྱང་ཟེར་ལ། མི་དང་འཕྲུལ་ཆས་གཉིས་ཟུར་མི་འདྲ་བ་མང་པོ་ནས་འབྲེལ་བ་དང་། ལག་རྩལ་གྱི་འཕེལ་འགྱུར་ཤིན་ཏུ་མྱུར་བ། ཐོན་རྫས་དང་ཞབས་ཕྱིའི་རྣམ་པ་ལ་འགྱུར་ལྡོག་ཆེ་བ་སོགས་ནི་ཁོའི་ཁྱད་ཆོས་སུ་འཁུམས། ནེ་ཁའོ་ལ་སི་ནེ་ཀེ་རའོ་ཕང་ཐེ(Nicholas Negroponte)ཡིས《ཨང་ཀིའི་འཇིག་རྟེན་དུ་འཚོ་བ》ཞེས་པའི་དེབ་ཏུ་མིའི་རིགས་ཀྱིས་ཨང་ཀིའི་ལག་རྩལ་ལ་བརྟེན་ནས་ཨང་ཀིའི་འཇིག་རྟེན་དུ་བྱ་བ་བྱེད་པ་དང་འཚོ་བ་རོལ་བ། སློབ་སྦྱོང་བགྱིད་པའི་འཚོ་གནས་ཀྱི་བྱེད་ཐབས་གསར་བ་ངོ་སྤྲོད་བྱས་ཡོད། རང་བྱུང་སྐད་བརྡ་ལྟ་བུའི་ཨང་ཀི་མིན་པའི་བརྡ་རྟགས་འདིའི་རིགས་ཨང་ཀི་བཞིན་དུ་རྩི་བ་དང་ཐད་གཅོད་བྱེད་པ་ནི་དུས་རབས་འདིའི་ཟློག་ཐབས་བྲལ་བའི་འཕེལ་ཕྱོགས་སུ་གྱུར་ཡོད་ལ། རྩིས་རིག་དང་སྐད་བརྡ་རིག་པ་ཟུང་དུ་འབྲེལ་བས་སྐད་རྩིས་རིག་པ་བྱུང་ཞིང་། རྩིས་འཁོར་གྱི་བྱ་རིམ་ལ་བརྟེན་ནས་རང་བྱུང་སྐད་ཆ་ལ་དབྱེ་ཞིབ་དང་ཐག་གཅོད་བྱས་ཏེ། མིའི་སྐད་ཆའི་ནུས་པ་ཡོངས་སུ་རྫོགས་པར་ལད་ཟློས་བྱས། དྲ་ཐོག་གི་གླེང་མོལ་གྱི་དགོས་མཁོས་སྐད་ཆར་ཚོང་ར་བསྐྲུན་པ་དང་། འཛམ་གླིང་ཡུལ་གྲུ་སོ་སོའི་སྐད་རིགས་མཐའ་དག་གླེང་མོལ་དུ་ཞུགས་ཆོག ཡིག་སྒྱུར་གྱི་དྲ་ཚིགས་སྣ་ཚོགས་བྱུང་བ་ནས་ཁ་པར་དུ་གཞུག་རུང་བའི་ཡིག་སྒྱུར་གྱི་མཉེན་ཆས་མང་པོ་ཁྱབ་གདལ་དུ་བཏང་བ་དང་བསྟུན། ཡིག་སྒྱུར་གྱི་ཁྱབ་ཁོངས་སུའང་ཨང་ཀིའི་ལག་རྩལ་གྱིས་བསླངས་པའི་བསྒྱུར་བཅོས་བློ་ཡུལ་ལ་མི་ཤོང་བ་ཞིག་འོང་གིན་འདུག དེ་ལྟར་ཡིག་སྒྱུར་གྱི་ཐོན་ལས་འདིའང་འཕྲུལ་ཆས་ཡིག་སྒྱུར་གྱི་དབང་གིས་ཐོན་སྐྱེད་ཀྱི་ནུས་པ་ཇེ་ཆེར་འགྲོ་བ་དང་། ཡིག་སྒྱུར་གྱི་ལག་རྩལ་ལ་རྒྱུས་ཡོད་པ་དེ་སྒྱུར་མཁན་རྣམས་ཚོང་རའི་འགྲན་རྩོད་དུ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་ཡོད་ལ། དེ་བཞིན་དུ་འབྲེལ་ཡོད་ཀྱི་བསླབ་ཚན་ཡང་སྒྱུར་མཁན་གསོ་སྐྱོང་གི་མ་ལག་ལ་མེད་དུ་མི་རུང་བའི་གྲུབ་ཆར་གྱུར་ཡོད།
འཕྲུལ་ཆས་ཡིག་སྒྱུར་འདི་མིའི་རིགས་ཀྱི་སྤྱི་ཚོགས་ལ་རིམ་གྱིས་འཐིམ་པའི་དུས་མཚུངས་སུ། སྐད་ཆའི་བདག་པོའམ་ཡིག་སྒྱུར་གྱི་བྱ་བ་སྒྲུབ་མཁན་དང་བསྒྱུར་བྱ། སྒྱུར་ཐབས་སོགས་ལའང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས། དེའི་རྐྱེན། ང་ཚོས་འཕྲུལ་ཆས་ཡིག་སྒྱུར་གྱིས་ཁྱེར་ཡོང་བའི་ཉེན་ཁ་ལ་བརྟག་དཔྱད་བྱས་ཤིང་དེར་བསྟུན་གྱི་ཚོད་འཛིན་བྱེད་ཐབས་བཏོན་ཏེ། ཨང་ཀི་ཅན་གྱི་དུས་རབས་འདིར་འཕྲུལ་ཆས་ཡིག་སྒྱུར་བདེ་ལེགས་ངང་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱ་དགོས། འདིར་བཤད་པའི་འཕྲུལ་ཆས་ཡིག་སྒྱུར་གྱི་ཉེན་ཁ་ཞེས་པ་ནི་ང་ཚོས་སྤྱིར་བཏང་དུ་གོ་བ་ལེན་པའི་དཔལ་འབྱོར་གྱི་གྱོང་གུད་དམ་བདེ་འཇགས་ཤོར་བའི་དོན་རྐྱེན་མིན་པར། མཚན་ཉིད་རིག་པའི་ངོས་ནས་ཡིག་སྒྱུར་བྱ་བའི་ཁྲོད་ཀྱི་སྒྱུར་མཁན་དང་བསྒྱུར་བྱ། བྱ་བའི་རྩ་འཛུགས་བྱེད་སྟངས་བཅས་ལ་ཐེབས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ནམ་བཟློག་ཏུ་མེད་པའི་ཕྱིས་འབྱུང་ལ་གོའོ། །
འཕྲུལ་ཆས་ཡིག་སྒྱུར་གྱི་ཉེན་ཁ།
ལག་རྩལ་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་མིའི་རིགས་ཀྱི་བློ་རིག་དང་ལུས་སྟོབས། སེམས་ཀྱི་རྒྱུ་བ་སོགས་ཀྱང་ཇེ་མཐོར་མངོན་གསལ་དུ་འགྲོ་ཡིན་ཡོད། ལག་རྩལ་གྱིས་མིའི་བསམ་གཞིག་བྱེད་སྟངས་ལ་ལད་མོ་བྱས་ཏེ་མི་དང་ཕྱོགས་ཀུན་ནས་ཆ་འདྲ་བ་ཞིག་ཏུ་གྱུར་བ་ན། མིའི་གཙོ་བདག་གི་གོ་གནས་ལའང་འགྲན་འཛུགས་པ་ཆོས་ཉིད་ཡིན་པས། དུས་དེར་མི་དང་འཕྲུལ་ཆས་གཉིས་ཀྱི་དབྱེ་མཚམས་གང་ན་ཡོད་པའང་ཤེས་དཀའ་བ་དང་། ཡིག་སྒྱུར་གྱི་ལས་དོན་ཡང་འཕྲུལ་ཆས་ཀྱིས་མི་ལ་རོགས་འདེགས་བྱེད་པ་ནས་མིས་འཕྲུལ་ཆས་ལ་རོགས་འདེགས་བྱེད་པར་འགྱུར་བ་མ་ཟད། ཐ་ན་བརྒྱུད་རིམ་ཡོངས་སུ་རྫོགས་པ་འཕྲུལ་ཆས་ཀྱིས་བསྒྲུབས་ལ། སྤྱོད་མཁན་རྣམས་ཀྱིས་བྱ་བ་གང་གང་མིས་བསྒྲུབས་པ་དང་གང་གང་འཕྲུལ་ཆས་ཀྱིས་བསྒྲུབས་པ་ཡེ་ནས་མི་ཤེས་སོ། །
གཅིག སྒྱུར་མཁན་གྱི་ཐོབ་ཐང་ལ་འགྱུར་བ་བྱུང་བ།
མར་ཁེ་སི་ཧོར་ཁེ་མར(Max Horkheimer)གྱིས། ལག་རྩལ་གྱི་ཤེས་བྱས་མིའི་བསམ་གཞིག་དང་འགུལ་སྐྱོད་ཀྱི་ཁྱབ་རྒྱ་ཇེ་ཆེར་བཏང་བ་དང་མཉམ་དུ་མིའང་མི་མིན་ཅན་ཞིག་ཏུ་གཏོང་གི་ཡོད་ཟེར། གཞན་ལ་སྒྱུར་བའི་གོ་རིམ་འདིའི་ཁྲོད། མིས་རང་ལ་དབང་སྒྱུར་བའི་ནུས་པ་ཉམས་ཏེ་རང་ཉིད་དང་ཁ་བྲལ་བའི་འཚོ་གནས་ཀྱི་རྣམ་པ་ཞིག་ལ་རང་དབང་མེད་པར་ཕྱོགས་པ་ནི་ཡིག་སྒྱུར་ཁྲོད་ཀྱི་མིའི་ཐོབ་ཐང་ཤོར་བ་དང་མིའི་སྐད་ཆ་དང་བསམ་གཞིག་གི་ནུས་པ་རྒུད་པ་ལས་མཚོན་ནོ། །
མར་ཁེ་སིའི་རིང་ལུགས་ལྟར་ན། མིའི་བྱ་སྤྱོད་ནི་ཕྱི་རོལ་གྱི་འཇིག་རྟེན་ལ་སྒྱུར་བཅོས་གཏོང་བ་དམིགས་ཡུལ་དུ་བཟུང་ཞིང་། བདག་པོ་དང་ཡུལ་གཉིས་ཀྱིས་ཕན་ཚུན་ལ་ཤན་ཤུགས་བཟོས་པའི་བརྒྱུད་རིམ་ཞིག་ཡིན་ལ། འདི་མངོན་དུ་འགྱུར་བར་བྱེད་ཐབས་སམ་ལག་ཆ་ངེས་ཅན་ཞིག་ལ་ངེས་པར་བརྟེན་དགོས་སོ། །ཡིག་སྒྱུར་གྱི་ལས་དོན་ཁྲོད། སྒྱུར་མཁན་གྱི་མི་དང་བསྒྱུར་བྱའི་ཡུལ་གཉིས་ནི་གོང་དུ་བཤད་ཟིན་པའི་བདག་པོ་དང་ཡུལ་གཉིས་ཏེ། འཕྲུལ་ཆས་ཡིག་སྒྱུར་དང་དེས་སྤྱོད་པའི་ཐབས་སོགས་ནི་བདག་པོ་དང་ཡུལ་གཉིས་སྦྲེལ་བྱེད་ཀྱི་ཟམ་པ་ལྟ་བུ་ཡིན། ཁེ་ལས་ཁ་ཤས་ཀྱིས་འཕྲུལ་ཆས་ཡིག་སྒྱུར་གྱི་ཆུ་ཚད་མིའི་ཡིག་སྒྱུར་གྱི་ཚད་ཐིག་ལ་སླེབས་ཡོད་ཅེས་འུད་བསྟོད་བྱས། དཔེར་ན2016ལོ་ནས་བཟུང་རྒྱལ་ནང་གི་ཡིག་སྒྱུར་ལག་རྩལ་གསར་དུ་སྤེལ་བའི་ཁེ་ལས་དང་སྐད་བརྡའི་ཞབས་ཕྱི་ལས་རིགས་ཀྱི་བྱ་བ་བྱེད་མཁན་ཚོའི་བར་དུ་འགལ་བ་བྱུང་བ་ལྟ་བུ། འདིའང་ཁེ་ལས་དེ་ཚོས་ཐོན་རྫས་དྲིལ་སྒྲོག་དང་ཕྱིར་འཚོང་གི་བརྒྱུད་རིམ་ཁྲོད་ཚོང་ལས་ཀྱི་མི་ཆོས་རྩ་དོན་ལ་བརྩི་འཇོག་མ་བྱས་པས་ལན་པ་རེད། བྱ་བ་འདི་རིགས་བྱུང་བའི་རྒྱུ་མཚན་ཡང་ལག་རྩལ་གྱིས་ཡོད་ཚད་ཐག་ཆོད་པའི་བསམ་བློ་རྒྱུད་ལ་སྐྱེས་པའི་དབང་གིས་རེད་དེ། འཕྲུལ་ཆས་ཡིག་སྒྱུར་གྱིས་མིའི་བདག་པོའི་གོ་ས་འཕྲོགས་ཤིང་ཡིག་སྒྱུར་བྱ་བའི་ཁྲོད་ཀྱི་འབྲེལ་བ་དེ་དག་ཕྱིན་ཅི་ལོག་ཏུ་བཏང་ངོ་། །
མར་ཐེན་ཧེ་ཏེ་ཀུར(Martin Heidegger)ལགས་ཀྱིས། ལག་རྩལ་དུས་རབས་ཀྱི་ཉེན་ཁ་ཆེས་ཚབས་ཆེ་བ་ནི་མི་ལ་མི་ཕན་པའི་ལག་རྩལ་གྱི་འབྲས་བུ་དག་མིན་ཏེ། མི་རང་ཉིད་གནས་པའི་དོན་སྙིང་ངམ་མི་རང་ཉིད་ཀྱི་བདག་པོའི་གོ་ས་ཤོར་བ་དེ་ཡིན་ཞེས་བཤད། སྐད་ཆ་ནི་མིའི་རིགས་ཀྱི་ཀླད་པའི་རྩ་བའི་སྒྲིག་གཞི་དང་མིའི་རིགས་ཀྱི་སྲོག་ཆགས་གཞན་དང་མི་འདྲ་བའི་རྩ་བའི་ནུས་ཤུགས་ཡིན་ལ། ཡིག་སྒྱུར་ནི་མིའི་རྗེས་དཔག་གི་བསམ་བློ(གཤིབ་སྡུར་དང་ཕྱོགས་བསྡུས། དབྱེ་ཞིབ་སོགས)དང་རྗེས་དཔག་མིན་པའི་བསམ་བློ(བརྩེ་དུང་དང་ཚོར་ཤེས། འཁྲུལ་ཤེས་སོགས)གཉིས་ཟུང་དུ་འབྲེལ་བའི་བྱ་སྤྱོད་ཅིག་ཡིན། མིའི་ཡིག་སྒྱུར་གྱི་ནུས་པ་དེ་ནམ་རྒྱུན་གྱི་ལག་ལེན་ལས་གོང་འཕེལ་འགྲོ་དགོས་པ་དང་འཕྲུལ་ཆས་ཡིག་སྒྱུར་གྱི་ནུས་པ་ནི་མིས་མཁོ་འདོན་བྱས་པའི་གཞི་གྲངས་ཀྱི་མཛོད་དེ་གཞིར་བྱས་ཏེ་ངེས་གཏན་གྱི་སྒྲིག་སྲོལ་ཞིག་གི་འོག་ནས་འཁོར་སྐྱོད་བྱ་དགོས་སོ། ཧྥ་རན་སིའི་སྐྱེ་དངོས་རིག་པ་བ་མར་ཁེ(Jean-Baptiste Lamarck)ལགས་ཀྱི་ལྟ་བ་ལྟར་ན། ཁོར་ཡུག་གསར་བའི་ཐད་ཀའི་ཤུགས་རྐྱེན་འོག དུས་རྟག་ཏུ་བེད་སྤྱོད་བྱེད་བཞིན་པའི་དབང་པོ་དེ་དག་གི་ནུས་པ་ཇེ་ཆེར་འགྲོ་ཞིང་། རྒྱུན་ཏུ་མི་བཀོལ་བའི་དབང་པོ་ནི་དེ་ལས་ལྡོག་སྟེ་ནུས་པ་ཇེ་ཞན་དུ་འགྲོ་འོ། འཕྲུལ་ཆས་ཡིག་སྒྱུར་གྱིས་མིའི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་པ་བདེན་ཡང་། འཕྲུལ་ཆས་ལ་བརྟེན་དྲགས་ན་མིའི་རིགས་ཀྱི་སྐད་ཆ་དང་བསམ་གཞིག་གི་ནུས་པ་ལའང་གནོད་པ་ཐེབས་པ་དོན་དངོས་རེད།
མིའི་རིགས་ཀྱི་སྐད་ཆ་ལ་ཁྱད་ཆོས་མངོན་གསལ་ཞིག་ཡོད་པ་ནི། བརྡ་དོན་ལ་གོལ་ས་ཡོད་ཅིང་རབ་རིབ་ཡིན་པ་དེ་ཡིན། འོན་ཀྱང་རྩིས་འཁོར་གྱིས་བྱ་བ་བྱེད་པའི་གནས་ལུགས་ནི་འདི་མིན་ན་དེ་ཡིན་དགོས་པས། རྩིས་འཁོར་ལས་ཐོན་པའི་འགྱུར་ཡིག་ནི་མིའི་རིགས་ཀྱི་བརྡ་དོན་གྱི་གཏན་ཚིགས་དང་མཐུན་པའི་ངེས་པ་མེད་པ་དང་། རྩིས་འཁོར་གྱི་ཡིག་སྒྱུར་རྣམ་པ་བདམས་ན་རྩིས་འཁོར་གྱི་རྩི་སྲོལ་ཡང་ཁས་མི་ལེན་རང་ལེན་ཡིན། དེས་དབང་གིས། རྩིས་འཁོར་དང་མཉམ་འབྲེལ་བྱ་ན། ཐོག་མར་རྩིས་འཁོར་གྱི་སྐད་ཆའི་ཁྱད་ཆོས་དང་མི་མཐུན་པའི་མིའི་སྐད་ཆའི་ཁྱད་ཆོས་དེ་དག་མི་འདོད་བཞིན་དུ་དོར་དགོས་པས་སྒྱུར་མཁན་གྱི་གསར་གཏོད་ཀྱི་ནུས་པ་ངོམ་པའི་གོ་སྐབས་ནམ་ཡང་མེད་དོ། དུས་ཡུན་རིང་བོར་ཁ་ཐོར་ཡ་བྲལ་གྱི་འཕྲུལ་ཆས་ཀྱི་འགྱུར་ཡིག་ལ་ལྷན་པ་བརྒྱབ་བརྒྱབ་མཐར། མིའི་སྐད་ཆའི་ནུས་པ་ཉམས་ཤིང་། སྐད་ཆའི་མཛེས་པ་མི་ཚོར་བ། སྐད་ཆའི་ཚོར་བ་སྐྱེན་པོ་དེ་དག་ཀྱང་བག་ལ་ཞ་བ་དང་། རིམ་གྱིས་བསམ་གཞིག་བྱེད་སྟངས་ཀྱང་སྣ་གཅིག་ཅན་དང་འཕྲུལ་ཆས་ཅན་དུ་གྱུར་ཏེ་སྒྱུར་མཁན་རང་ཉིད་ཀྱི་རིན་ཐང་ཡང་ཇེ་ཆུང་ནས་ཇེ་ཆུང་ཡིན། འཕྲུལ་ཆས་ཀྱི་དབང་སྒྱུར་འོག མིའི་བླང་དོར་དང་དོགས་སློང་གི་སྙིང་སྟོབས་ཀྱང་གར་སོང་ཆ་མེད་དུ་འགྲོའོ།
གཉིས། འགྱུར་ཡིག་ལ་ཁྱད་ཆོས་མེད་པ།
འཕྲུལ་ཆས་ཡིག་སྒྱུར་ལ་རྩོམ་ལུས་དང་སྐད་ཆའི་ཁོར་ཡུག རྩོམ་གྱི་ཉམས་འགྱུར་དང་རྩོམ་པ་པོའི་རྩོམ་གཤིས་སོགས་ངོས་འཛིན་གྱི་ནུས་སྟོབས་ཞན་པ་དང་། འཕྲུལ་ཆས་ཡིག་སྒྱུར་གྱི་མ་ལག་མི་འདྲ་ནའང་ཤུགས་ཀྱི་རྩི་ལུགས་ལ་ཁྱད་པར་ཆེན་པོ་མེད་པས། བསྒྱུར་བའི་རྩོམ་སོ་སོར་རང་རང་གི་ཁྱད་ཆོས་མེད་ཅིང་གསར་གཏོད་ཀྱི་རྗེས་ཤུལ་ནི་དེ་བས་ཀྱང་རྙེད་དཀའ། ཞིབ་འཇུག་པ་ལིན་ཀོ་ལི(林国丽)ཡིས《སི་ཏི་ཧྥུ་ཆའོ་པུ་སིའི་རྟོགས་བརྗོད》ཀྱི་ཚིག་གཅིག་དྲངས་ཏེ། DeepLསོགས་འཕྲུལ་ཆས་ཡིག་སྒྱུར་གྱི་མ་ལག་མི་འདྲ་བ་བཞི་ལ་བསྒྱུར་དུ་བཅུག་པ་ན། འགྱུར་ཡིག་སོ་སོའི་མིང་གི་གོ་རིམ་དང་ཚིག་སྦྱོར་སྤེལ་ཚུལ་སོགས་ཤིན་ཏུ་མཚུངས་པ་དང་། འགྱུར་ཡིག་སོ་སོ་ཕན་ཚུན་འདྲ་བའི་ཚད་ནི་བརྒྱ་ཆའི་70ནས་བརྒྱ་ཆའི་78་བར་དུ་ཡོད། འོན་ཀྱང་མི་མི་འདྲ་བ་བཞིས་བསྒྱུར་བའི་འགྱུར་ཡིག་དག་ནི་ལ་ལ་བརྗོད་བདེ་ཞིང་གོ་སླ། ལ་ལ་དོན་བསྡུས་ཤིང་ཉམས་ཀྱིས་ཕྱུག ཡང་ལ་ལ་ནི་དོན་ཟབ་ཅིང་གནའ་རྩོམ་གྱི་བྲོ་བ་ལྡན་པས་སྒྱུར་མཁན་སོ་སོའི་ཁྱད་ཆོས་མངོན་པར་གསལ། དེ་དག་འདྲ་བའི་ཚད་ནི་བརྒྱ་ཆའི་38་ནས་བརྒྱ་ཆའི་47་བར་དུ་ཡོད་པས་གོང་གི་སྡོམ་ཚིག་དེའི་སྒྲུབ་བྱེད་གལ་ཆེན་དུ་གྱུར་ཏོ། ཀྲོའུ་ལིན་ཧྲུན(周玲顺)གྱིས། སྒྱུར་མཁན་ཞིག་གིས་བསྒྱུར་བྱ་བསྒྱུར་བའི་སྔོན་ལ་རྩོམ་པ་པོའི་རྩོམ་འབྲིའི་དམིགས་ཡུལ་དང་དུས་རབས་ཀྱི་རྒྱབ་ལྗོངས། རྩོམ་འབྲིའི་ཁྱད་ཆོས་སོགས་ཤེས་རྒྱུ་དེ་ཤིན་ཏུ་དགོས་གལ་ཆེ་བར་འདོད། ཡིན་ནའང་འཕྲུལ་ཆས་ཡིག་སྒྱུར་གྱིས་འདི་དག་རྟོགས་དཀའ། སེ་ཐེན་ན(George Steiner)ཡིས། རང་བྱུང་སྐད་ཆའི་ཐར་ཐོར་ཉག་ཉོག་གི་ཁྱད་ཆོས་དེ་ནི་མིའི་འཆར་སྣང་སྒུལ་བྱེད་དང་བསམ་བློ་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་གྲུབ་པ་དང་། གོལ་ས་ཡོད་པ་དང་དོན་མང་ལ་འཇུག་པ། དོན་རབ་རིབ་ཡིན་པ། ཐ་ན་གཏན་ཚིགས་དང་འགལ་བ། སྒྲིག་སྲོལ་ལ་མི་མཐུན་པ་སོགས་ནི་ད་གཟོད་སྐད་ཆའི་ཉིང་བཅུད་ཡིན་ཞེས་བཤད། སྐྱོ་བ་སྤངས་པའི་འཕྲུལ་ཆས་ཀྱིས་འགྱུར་ཡིག་མཐའ་ཡས་པ་ཞིག་ཐོན་སྐྱེད་བྱས་པ་ན། མིའི་སྐད་ཆའི་རང་བྱུང་གི་ཁྱད་ཆོས་ཉམས་ཏེ་དུས་ཡུན་ངེས་ཅན་ཞིག་བརྒྱུད་པའི་ཚེ། མིས་བཤད་པའི་སྐད་ཆ་ལའང་རང་དབང་མེད་པར་འཕྲུལ་ཆས་ཀྱི་དྲི་ངན་འཐུལ་ལོ། །
གསུམ། དོན་གྱི་སྤྱི་ཡོངས་ལ་བསམ་བློ་མི་གཏོང་བ།
མར་ཁེ་སིའི་རིང་ལུགས་ཀྱི་ལག་རྩལ་དང་མི་ཆོས་ཀྱི་དགོངས་པ་ལྟར་ན། འཕྲུལ་ཆས་ཡོངས་ཁྱབ་ཏུ་བཀོལ་བའི་ཁོར་ཡུག་ཅིག་གི་འོག བཟོ་བ་ནི་ལས་ཀའི་བྱེ་བྲག་གཅིག་སྒྲུབ་མཁན་འབའ་ཞིག་ཡིན་པས། བྱ་བ་སྤྱིའི་འཁོར་སྐྱོད་ཀྱི་གནས་ཚུལ་ལ་བསམ་བློ་གཏོང་མཁན་ཤིན་ཏུ་དཀོན་པ་དང་། རང་གི་སྦྱོར་བར་དོན་སྙིང་ཡོད་མེད་ལའང་དོ་སྣང་བྱེད་པའི་དགོས་པ་མེད་དོ། །ད་ལྟར་ཡིག་སྒྱུར་བྱེད་སྟངས་འདི་འདྲ་ཞིག་རྒྱུགས་ཆེ་སྟེ། ཡིག་སྒྱུར་གྱི་ལས་གཞི་ཧྲིལ་བོ་མི་མང་པོར་བགོས་ཏེ་བསྒྲུབ་ཏུ་བཅུག མི་རེ་རེས་རང་རང་གི་ལས་འགན་བྱེ་བྲག་པ་དེ་བསྒྲུབས་པ་ལས་ལས་གཞིའི་སྤྱི་ཡོངས་ལ་ཚོད་འཛིན་བྱར་མི་བཏུབ། དེར་མ་ཟད། སྒྱུར་མཁན་སོ་སོའི་ཐོབ་ཐང་དང་དམིགས་ཡུལ་མི་གཅིག་པ་དང་། ལས་གཞིའི་བཀོད་སྒྲིག་ཁོ་ན་གཙིགས་སུ་བཟུང་བས། འགྱུར་ཡིག་ཡང་དག་ཡིན་མིན་གྱི་བརྡར་ཤ་མི་ཆོད་ཅིང་། ཡིག་སྒྱུར་བྱ་བའི་རིན་ཐང་དང་དོན་སྙིང་མི་རྟོགས་ལ་གྲུབ་འབྲས་ལོན་སོང་སྙམ་པའི་སྣང་བ་ཡང་ཆེར་མི་འབྱུང་ངོ་། །
འདི་འདྲའི་ཁོར་ཡུག་ཅིག་གི་འོག རང་བྱུང་སྐད་ཆ་དེ་ཡང་དང་བསྐྱར་དུ་བརྐོ་རུང་བའི་གཏེར་ཁའི་སར་བཞག་པ་དང་། དེ“སྐད་རྒྱུའི་མཛོད”(语料库)དུ་བླུགས་ཤིང་། རྩི་ཐབས་སྣ་ཚོགས་ཀྱིས་ཡར་འདྲུད་མར་འདྲུད་བྱས་ཏེ། ཤི་མ་གསོན་གྱི་འགྱུར་ཡིག་ཅིག་སྐྲུན་པའི་སྦྱོར་བ་བརྩམས་བརྩམས་པ་ན། མིའི་བསམ་གཞིག་བྱེད་སྟངས་ལའང་འཕྲུལ་ཆས་ཡིག་སྒྱུར་གྱི་གཏོར་བརླག་ཐེབས་ནས་རང་གི་བསམ་ཚུལ་ལྟར་བྱེད་མི་ཐུབ་པ་དང་སྒྱུར་མཁན་ཏེ་མི་ཡི་མཚན་ཉིད་ཀྱང་ལྐོག་ཏུ་མནན། མི་དང་འཕྲུལ་ཆས་ཡིག་སྒྱུར་གྱི་འབྲེལ་བ་དེ་ཚད་ངེས་ཅན་ཞིག་ཏུ་བྱ་བ་བཅོལ་མཁན་དང་བྱ་བ་སྒྲུབ་མཁན་གྱི་འབྲེལ་བ་དང་ཆ་འདྲ། ཡིན་ཡང་འཕྲུལ་ཆས་ཀྱིས་བྱ་བའི་མཐའ་འབྲས་ལ་འགན་མི་འཁུར་བ་དང་འགྱུར་ཡིག་གི་སྤུས་ཀ་ཚད་ཐིག་ལ་སླེབས་ཡོད་མེད་ཀྱང་མི་ཤེས་པས། མཐའ་མར་མི་ལ་མི་བརྟེན་ཀ་མེད་ཡིན། འཕྲུལ་ཆས་ཡིག་སྒྱུར་ལ་བརྟེན་པ་ཐལ་དྲགས་ན། བྱ་བ་བཅོལ་མཁན་དེ་མི་ཡིན་ནའང་མཐའ་མའི་གཏན་འབེབས་སམ་ཐག་གཅོད་བྱེད་མཁན་དེ་འཕྲུལ་ཆས་སུ་འགྱུར་ཉེན་ཆེའོ། །
འཕྲུལ་ཆས་ཡིག་སྒྱུར་གྱི་ཉེན་ཁ་ཚོད་འཛིན།
མིའི་གཙོ་བདག་གི་གོ་གནས་ལ་ཇི་ལྟར་ངོས་འཛིན་བྱ་རྒྱུ་དེ་ཨང་ཀིར་སྒྱུར་བའི་དུས་རབས་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། འཕྲུལ་ཆས་ཡིག་སྒྱུར་གྱི་རིན་ཐང་དང་ཉེན་ཁ་ངོས་འཛིན་བྱེད་པ་ལའང་འདི་གཞིར་འཛིན་དགོས། ཧེ་ཏེ་ཀུར་ལགས་ཀྱི་ལག་རྩལ་སྐོར་གྱི་མཚན་ཉིད་རིག་པའི་དགོངས་པས་ང་ཚོ་ལ་ཁ་ཕྱོགས་བསྟན་པ་དང་། ལག་རྩལ་གྱིས་མིའི་རིགས་ལ་ཞབས་ཕྱི་བསྒྲུབ་པ་ལས། མིའི་རིགས་ལ་དབང་སྒྱུར་བྱེད་དུ་མི་འཇུག་པ་ནི་ལག་རྩལ་གྱི་གཞན་སྒྱུར་ལས་ཐར་བའི་རྩ་བ་ཡིན། འོ་ན་འཕྲུལ་ཆས་ཡིག་སྒྱུར་གྱི་ཉེན་ཁ་འདི་ལས་བཟློག་པ་ལ་གཤམ་གྱི་དོན་ཚན་དག་ལ་མཉམ་ཞོག་ཅིག
གཅིག
འཕྲུལ་ཆས་ཡིག་སྒྱུར་ཁྲོད་མི་ཡིས་ལག་ཆ་བཀོལ་སྤྱོད་ཀྱི་གོ་ཆོད་པས་མི་ཚད། ད་དུང་སྐད་ཆའི་རྒྱུ་ཆ་མཁོ་སྤྲོད་དང་། རྩི་ཐབས་ལེགས་སྒྱུར། སྤུས་ཀ་བརྟག་དཔྱད་བཅས་ཀྱི་འགན་ཡང་འཁུར་དགོས། འཕྲུལ་ཆས་ཡིག་སྒྱུར་གྱི་ལས་ཕྱོད་མཐོ་མི་མཐོའམ་སྤུས་ཀ་བཟང་མི་བཟང་དེ་ད་ཡོད་ཀྱི་གཞི་གྲངས་ཀྱི་སྤུས་ཀ་དང་གཞི་གྲངས་ཀྱི་གྲངས་ཀ་གཉིས་ཀར་འབྲེལ་བ་ཡོད་ལ། དེ་ཇེ་བཟང་ཇེ་ལེགས་སུ་གཏོང་བ་ལ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྐད་ཆའི་ཐོན་ཁུངས་ལག་ཏུ་འཛིན་མཁན་མང་པོ་ཞིག་ཡིག་སྒྱུར་གྱི་ལག་ཆ་གསར་སྤེལ་གྱི་ལས་ཀར་ཞུགས་ཏེ། གཞི་གྲངས་དང་རྩི་ཐབས་ཇེ་ལེགས་སུ་བསྒྱུར་བའི་རྨང་གཞིའི་ཐོག་སྐད་ཆའི་རྒྱུ་ཆ་གསར་སྣོན་དང་སྤུས་ཀ་ཅན་དུ་བཏང་སྟེ་འཕྲུལ་ཆས་ཀྱི་ཤུགས་རྐྱེན་ཚོད་འཛིན་བྱ་དགོས་སོ། །
གཉིས།
འཕྲུལ་ཆས་ཡིག་སྒྱུར་ནི་སྐད་བརྡ་རིག་པ་དང་རྩིས་རིག རྩིས་འཁོར་རིག་པ། མཚན་ཉིད་རིག་པ་སོགས་བསླབ་བྱ་མང་པོའི་ཁྱད་ཆོས་ཀུན་འདུས་ཀྱི་ལག་རྩལ་ཞིག་ཡིན། སྒྱུར་མཁན་གྱིས་རང་ལ་མངའ་བའི་སྐད་བརྡ་རིག་པའི་ཤེས་བྱར་བརྟེན་ནས་འཕྲུལ་ཆས་ཡིག་སྒྱུར་གྱི་གནད་དོན་ལ་བརྟག་ཞིབ་བྱས་པ་དང་། དེ་ནས་རྩིས་འཁོར་གྱིས་གོ་སླ་ཞིང་བཅའ་བདེ་བའི་རྩིས་རིག་གི་མཚོན་ཚུལ་དུ་བསྒྱུར་བ་ལ་བརྟེན་ནས་འཕྲུལ་ཆས་ཡིག་སྒྱུར་གྱི་སྤུས་ཀ་ཇེ་བཟང་དུ་གཏོང་བ་ཡིན། ཡང་ན་ལག་རྩལ་དང་མི་ཆོས་ཀྱི་ངོས་ཐད་ནས་འཕྲུལ་ཆས་ཡིག་སྒྱུར་གྱི་འཁོར་སྐྱོད་བྱེད་ཚུལ་ལ་ཞིབ་འཇུག་བགྱིས་ཤིང་། དེ་གསར་སྤེལ་བྱེད་མཁན་དང་བེད་སྤྱོད་བྱེད་མཁན་ལ་མི་ཆོས་ངོས་ཐད་ཀྱི་མཛུབ་སྟོན་དང་ཐུགས་ཁུར་བྱས་ཏེ། འཕྲུལ་ཆས་ཡིག་སྒྱུར་གྱི་ཞིབ་འཇུག་ཇེ་ཟབ་དང་དེ་དང་བསླབ་ཚན་གཞན་པའི་བར་གྱི་འབྲེལ་བ་ཇེ་ཉེར་འགྲོ་བར་བསྐུལ་དགོས།
གསུམ།
སྔོན་ཆད་འཕྲུལ་ཆས་ཡིག་སྒྱུར་གྱི་ཐབས་གཙོ་བོ་ནི་སྒྲིག་སྲོལ་དང་མཉམ་མྱོང་ལ་བརྟེན་པའི་ཐབས་ཡིན་པ་དང་། ད་ལྟར་གཙོ་བོར་མིའི་ཀླད་པར་ལད་མོ་བྱས་པའི་དབང་རྩའི་དྲ་རྒྱ་འདི་མཆོག་ཏུ་བཀུར། སྒྲིག་སྲོལ་གཞིར་འཛིན་པའི་ཐབས་ཀྱིས་སྔོན་ལ་བསྒྱུར་བྱའི་ནང་དོན་དེ་ཡིག་སྒྱུར་གྱི་སྒྲོམ་གཞི་དང་འཚམ་པར་བསྒྱུར་དགོས་ཤིང་། སྐད་རིགས་མི་འདྲ་བའི་བརྡ་སྤྲོད་ལུགས་མི་འདྲ་བར་འཕྲད་དུས་མིས་དག་བཅོས་བྱ་དགོས། འོན་ཀྱང་དབང་རྩའི་དྲ་རྒྱར་མཚོན་ན། མིས་སྔོན་ལ་སྒྲིག་སྲོལ་འཛུགས་མི་དགོས་ལ། གཞི་གྲངས་ངེས་ཅན་ཡོད་ན་རང་ཉིད་ལ་ཆེས་འཚམ་པའི་ཡིག་སྒྱུར་གྱི་སྒྲོམ་གཞིའམ་དཔེ་དབྱིབས་དེ་ཡང་ཡང་སྦྱོང་བ་ལ་བརྟེན་ནས་རྙེད་ཐུབ་པ་ཞིག་ཡིན། གང་ལྟར་ཐབས་འདི་གཉིས་ཀྱིས་སོ་སོའི་ལེགས་ཆ་བླངས་ནས་སོ་སོའི་མི་འདང་ས་བསབས་ན། འཕྲུལ་ཆས་ཡིག་སྒྱུར་ཡང་ལེགས་པའི་ཕྱོགས་སུ་འཕེལ་ལོ། །
མཇུག་གི་གཏམ།
འཕྲུལ་ཆས་ཡིག་སྒྱུར་ལག་རྩལ་གྱི་འགྱུར་བ་ཇི་ལྟར་རྒོད་རུང་། མི་ཞིག་ཡིན་ཚེ་རང་ཉིད་ཀྱི་གཙོ་བདག་གི་གོ་གནས་དམ་དུ་བཟུང་ཞིང་། ཞུ་དག་དང་སྐྱོན་བརྗོད། དབྱེ་ཞིབ་བཅས་ཀྱི་ནུས་པ་འདོན་པ་དང་། ལག་རྩལ་ཁས་ལེན་ནའང་ལག་རྩལ་གྱི་གཡོག་པོར་ནམ་ཡང་འགྱུར་དུ་མ་འཇུག འཕྲུལ་ཆས་ཡིག་སྒྱུར་གྱི་འཕེལ་རྒྱས་ནི་མི་ཆོས་རིང་ལུགས་ཀྱི་མཛུབ་སྟོན་འོག་མིའི་རང་བྱུང་གི་སྐད་ཆ་དང་རྩིས་འཁོར་གྱི་སྐད་ཆ་གཉིས་མཉམ་དུ་འདྲེས་པའི་གོ་རིམ་ཞིག་ཡིན་པ་དང་། མིའི་རིགས་དང་འཕྲུལ་ཆས་ཀྱིས་ཕན་ཚུན་ཇེ་བཟང་ཇེ་ལེགས་སུ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན། དེ་བས་ན། གོང་དུ་བརྗོད་པའི་ཉེན་ཁ་སེལ་བའི་ཐབས་དེ་དག་གིས་བསྟན་པ་ལྟར་འཕེལ་རྒྱས་སུ་སོང་ན། མི་དང་ལག་རྩལ་གཉིས་འཆམ་མཐུན་མཉམ་གནས་དང་གཅིག་གྲོགས་སུ་གཅིག་འགྲོ་བའི་རྣམ་པ་ཞིག་ཆགས་པར་ཕན་པ་ཆེན་པོ་ཡོད་དོ། །