མཚོ་སྔོན་ཞིང་ཆེན་གྱིས་ཞོད་འགོག་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས།
发布时间:2024年07月22日 消息来源:


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ7པའི་ཚེས20ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ད་ལྟའི་ཞོད་འགོག་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འགོག་ཟོན་དང་ཁ་གཏད་འཇལ་བའི་བྱ་བར་བཀོད་གཏོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་རེ་བ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་བཀོད་སྒྲིག་བཟང་བོ་བྱས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གནོད་སྐྱོབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། གཙོ་གཞིའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏང་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་བཀོད་སྒྲིག་བྱེད་པ་དང་ཡུལ་དངོས་ནས་ལྟ་སྐུལ་བྱེད་པ། གྲ་སྒྲིག་བཟང་བོ་དང་ནན་འགོག་བརྟན་སྲུང་། འགན་འཁྲི་གསལ་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཟླ་བདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་ཞོད་འགོག་གི་གནད་འགག་དུས་སྐབས་ལ་ཁ་གཏད་འཇལ་དགོས། ཆུ་དཔྱད་གནམ་གཤིས་ཀྱི་ལྟ་ཞིབ་སྔོན་བརྡ་དང་ཆར་འབབ་ཚད་དང་ཆུ་ལོག་གནས་ཚུལ་གྱི་དབྱེ་ཞིབ་ཞིབ་གཅོད། ས་གཤིས་གནོད་འཚེ་དང་ཉེན་ཁའི་གྲལ་བཤེར་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། འཕྲལ་བསྟུན་དང་ལེན་ནུས་པ་མཐོར་འདེགས་གཏོང་དགོས། ཆུ་བོ་ཆུང་འབྲིང་དང་བཟོ་སྐྲུན་འཛུགས་སྐྲུན་ཡུལ་གནས། ཉེན་ཁ་ཡོད་པའི་ཁང་རྙིང་། རི་ཆུ་དང་འབྲེལ་བའི་གནས་སྐོར་ལྗོངས་རྒྱུ་ཁུལ་སོགས་ཡུལ་གནས་གཙོ་བོ་གཙིགས་སུ་འཛིན་པ་དང་། སྐོར་ཞིབ་ཉེན་སེལ་ལ་ཤུགས་སྣོན་པ། བྱ་བའི་ཇུས་གཞི་འཐུས་ཚང་དུ་གཏོང་བ། ཞོད་འགོག་གནོད་སྐྱོབ་ཀྱི་བྱེད་ཐབས་སྣ་ཚོགས་དམ་འཛིན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས། གནོད་སྐྱོབ་དངོས་ཟོག་དང་མི་སྣའི་སྟོབས་ཤུགས་གྲ་སྒྲིག་འཛོམས་པོ་བྱེད་པ་དང་། འཕྲལ་བསྟུན་གྲ་སྒྲིག་བཟང་བོ་བྱེད་དགོས། ཆུ་རྒྱས་པའི་སྐབས་ཀྱི་དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་དང་འཕྲལ་བསྟུན་དང་ལེན་རྐྱེན་སྲོལ་ལག་བསྟར་ནན་མོ་བྱེད་པ་དང་། འགན་ཤོར་འགན་འཛོལ་བྱུང་ནས་མཇུག་འབྲས་ཚབས་ཆེན་བཟོས་པར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་དེ་གོ་གནས་དང་པོར་འཇོག་པ། དེང་སྐབས་ཀྱི་ཞོད་འགོག་གནས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ཞོད་འགོག་འགན་འཁྲི་ཕྲག་ཏུ་ལེན་པ། ཞོད་ཆེན་འགོག་པ་དང་ཉེན་ཁ་ཆེན་མོ་སེལ་བ། གནོད་ཆེན་སྐྱོབ་པའི་ཁ་གཏད་བྱེད་ཐབས་ལག་བསྟར་ནན་མོ་བྱས་ནས། བདེ་འཇགས་ངང་ཆུ་རྒྱས་པའི་དུས་སྐབས་བརྒལ་བར་ཁག་ཐེག་བྱེད་དགོས། མྱུར་དུ་འཕྲལ་བསྟུན་གྲ་སྒྲིག་རྣམ་པའི་ཁྲོད་ཞུགས་པ་ད་ང། སྔོན་བརྡ་དང་ཉེན་བརྡ་གཏོང་བ་དང་བཀོད་གཏོང་གྲོས་མོལ་བྱེད་པར་རྒྱུན་མཐུད་ངང་ཤུགས་སྣོན་པ། ཆུ་རྐ་དང་ཆུ་མཛོད་ཀྱི་རགས་ཆེན། བགྲོད་ལམ་ཟམ་པ། ཕུག་ལམ། ས་འོག་སྦུག་དྲ། གནས་སྐབས་ཀྱི་བཟོ་བའི་སྡོད་ས། གནས་སྐོར་ལྗོངས་རྒྱུ་ཁུལ། དབྱར་དུས་ཀྱི་ཕྱུགས་ར། ཆུ་འཁྱིལ་ས། ས་གཤིས་གནོད་འཚེ་འབྱུང་སླ་ས་སོགས་ཡུལ་གནས་དང་ཁུལ་ཁོངས་གཙོ་བོའི་སྐོར་ཞིབ་ཉེན་སེལ་བྱ་བ་བཟང་བོར་བསྒྲུབ་དགོས། འཕྲལ་བསྟུན་དང་ལེན་ཟུང་གི་རྐྱེན་སྲོལ་དང་ལས་རེས་ལས་སྲུང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་པ། བསྒྱུར་སྤོར་བྱེད་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། སྔ་མོ་ནས་མྱུར་མོར་བསྒྱུར་སྤོར་བྱེད་པ་དང་། བསྒྱུར་སྤོར་བྱེད་དགོས་པ་ཚང་མ་བསྒྱུར་སྤོར་བྱེད་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལེན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།