ཞབས་ཞུ་ལྟེ་གནས་ཀྱིས་མང་ཚོགས་ཀྱི་དཀའ་ཁག་བསལ།
发布时间:2024年09月06日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

“ཕུ་བོ། ཁྱེད་བདེ་མོ། འདི་འདྲའི་སྔ་མོ་ཞིག་ལ་བྲེལ་འཚུབ་ཆེ་བའི་དོན་དག་ཅི་ཞིག་ཡོད་དམ། མྱུར་མོར་ཙོག་དང་། ང་ཚོའི་རོགས་རམ་ཅི་མཁོ་ན་ཐད་ཀར་བརྗོད་རོགས།” ཟླ8པའི་ཚེས26ཉིན་གྱི་ཞོགས་པའི་ལས་ཚོགས་འཚོགས་མ་ཐག མང་ཚོགས་ཤིག་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་གཏུག་བཤེར་ཞབས་ཞུའི་སྒེའུ་ཁུང་དུ་ཡོང་ནས་རོགས་རམ་ཡོང་རོགས་ཞུས་པར། ལས་བྱེད་མི་སྣ་དཀོན་མཆོག་དཔལ་མོས་རྒྱུ་ཆ་ཚུར་བླངས་ནས་ངང་རྒྱུད་རིང་མོས་ངང་ལན་བཏབ།

图片
བསམ་ཚུལ་བརྗེ་རེས་བྱས་པ་བརྒྱུད། དཀོན་མཆོག་དཔལ་མོས་མང་ཚོགས་དེའི་རེ་འདུན་གསལ་པོར་རྟོགས་སོང་། “དེ་ནི་དམངས་དོན་རྩོད་གཞི་ཞིག་རེད། ཡུལ་མི་དེ་དང་ཁྱིམ་མཚེས་བར་ལ་རྩྭ་སའི་རྩོད་གཞི་ཞིག་ཡོད་ཀྱང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་གྲོས་བྱས་ཀྱང་གྲོས་མཐུན་མ་བྱུང་བས། བྲེལ་བྲེལ་འཚུབ་འཚུབ་ཀྱིས་ང་ཚོར་ཕ་རོལ་པོར་ཞུ་གཏུག་ཇི་ལྟར་བྱེད་དགོས་པའི་སྐོར་བློ་འདྲི་བྱེད་དུ་ཡོང་བ་རེད། ”ལས་བྱེད་མི་སྣས་ངང་རྒྱུད་རིང་མོས་ཁ་ཏ་སློབ་གསོ་དང་འགྲེལ་བཤད་བྱས་པ་བརྒྱུད། ཡུས་ཧྲུའུ་གྲོང་ཁྱེར་རག་ཤུལ་སྟོད་མ་ཞང་རྡོ་ར་སྡེ་བར་སྡོད་པའི་སྡེ་མི་བསམ་གཏན་གྱིས་བསམ་ཚུལ་འགྱུར་ནས་བཤད་རྒྱུར། “ང་རང་ལས་བྱེད་མི་སྣའི་བསམ་འཆར་ལ་མོས་མཐུན་ཡོད། ཕ་རོལ་བོ་དང་མཉམ་དུ་སྔོན་ལ་འདུམ་འགྲིག་བྱེད་པར་སྒུག་ཆོག”
ཡུས་ཧྲུའུ་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་རིན་ཆེན་རྡོ་རྗེས་ངོ་སྤྲོད་བྱས་དོན། “མང་ཚོགས་ཀྱི་རེ་འདུན་འབྱོར་སྐབས། ང་ཚོས་དང་ཐོག་རྩོད་གཞིར་ཞིབ་འཇུག་དང་བརྡར་ཤ་བཅད་པ་དང། དེ་ནས་གྱོད་གཞི་རྣམས་འབྲེལ་ཡོད་སྡེ་ཁག་སོ་སོར་ཁག་བགོས་མངག་གཏོང་གིས་འདུམ་འགྲིག་བྱས་པ་ཡིན་ཞིང་། ཞུ་གཏུག་མ་བྱས་གོང་བར་འདུམ་སྔོན་ལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བར་འདུམ་བྱེད་ཐུབ་པའི་རིགས་ལ་བར་འདུམ་བྱེད་རྒྱུ་དང་། བར་འདུམ་བྱེད་མ་ཐུབ་ཚེ། འདུམ་འགྲིག་དང་ཡང་ན་གཏུག་བཤེར་བྱ་རྒྱུར་སླར་ཡང་ཁྲིད་སྟོན་བྱས་ཏེ། ཁྲིམས་འཛིན་ཁྲུན་གཅོད་དེ‘ཆེས་མཇུག་མཐའི་འགོག་ཐིག’ཏུ་བརྩིས་པ་ཡིན།”
ན་ནིང་གི་ཟླ9པར། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་འཁོར་སྐྱོད་བྱས་པ་ནས་བཟུང་། ས་ཞིང་དང་རྩྭ་ས། ངལ་ལས་སོགས་དམངས་དོན་རྩོད་གཞི་ཐག་གཅོད་བྱ་རྒྱུ་དེ་ཡར་སྔོན་གྱི་གྱོད་གཞི་གཅིག་ཐག་གཅོད་བྱེད་པར་ཟླ་བ་གཅིག་དང་ཐ་ན་ཟླ་བ་ཁ་ཤས་འགོར་བ་དེ། ད་སྐབས་ཉིན་ཁ་ཤས་དང་ཡང་ན་གཟའ་འཁོར་གཅིག་ནང་ཐག་གཅོད་ཐུབ་པར་གྱུར་པས། ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྲིད་གཞུང་ལ་སྤྱི་པའི་ཡིད་རྟོན་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཅིང་། མང་ཚོགས་ཀྱི་ཡིད་ཚིམ་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།
ཡུས་ཧྲུའུ་གྲོང་ཁྱེར་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་གྲོང་ཁྱེར་ཁྲིམས་ཁང་དང་སྤྱི་བདེ་ཅུས། ཁྲིམས་འཛིན་ཅུས། ཡིག་སྐུར་ངོ་གཏུག་ཅུས། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཅུས། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཅུས་སོགས་ལས་ཁུངས་བསྡུ་སྒྲིལ་བྱས་ནས། གཙོ་གནད་སྡེ་ཁག་གཅིག་སྡུད་རྒྱུན་སྡོད་དང་སྤྱིར་བཏང་སྡེ་ཁག་རེས་མོས་བཅའ་སྡོད་བྱེད་པ། དོན་དག་དང་འབྲེལ་བ་ཡོད་པའི་སྡེ་ཁག“ནམ་བོས་ན་ནམ་ཐོན”ཐུབ་པ་བཅས་བྱས་པ་བརྒྱུད། འགན་ནུས་མང་པོ་མཉམ་གཤིབ་དང་སྡེ་ཁག་མང་པོ་མཉམ་འགུལ་བྱེད་པའི“གཞི་གཅིག་ཅན”དང“གཅིག་འཐུས་རྣམ་པའི”བདག་སྤྲོད་དང་ཁག་བགོས། ཞིབ་དཔྱད། ཐག་གཅོད། སྐུལ་སྒྲུབ་བཅས་ཀྱི་གདུབ་ཟུམ་འཁོར་སྐྱོད་རྣམ་པ་ཞིག་ཆགས་ཏེ། “སྦྲེལ་ཐག་ཧྲིལ་པོས”མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། འགལ་བ་དང་རྩོད་གཞི་སྣ་མང་ཅན་གྱི་སྒོ་ནས་ཐག་གཅོད་བྱས་ཏེ། ལྟེ་གནས་ལ་ཞབས་ཞུ་དང་འབྲས་བུ་ཡོད་པར་ཁག་ཐེག་བྱས།
ན་ནིང་གི་ཟླ10པར། ལྟེ་གནས་ཀྱིས་སྐྱེལ་འདྲེན་པ60ལྷག་དང་དམངས་སྒོར་ཁྲི140ལྷག་ལ་འབྲེལ་བ་ཡོད་པའི་གན་རྒྱའི་རྩོད་གཞི་ཞིག་གྲུབ་འབྲས་ལྡན་པའི་ངང་ཐག་གཅོད་བྱས། སྐབས་དེར་རེ་ཞུ་འབྱོར་རྗེས། ལྟེ་གནས་ཀྱིས་འཕྲལ་དུ་གྲོང་ཁྱེར་ཁྲིམས་ཁང་དང་གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་འགྲིམ་འགྲུལ་ཅུས།དེ་བཞིན་ཟུར་མང་ཞང་ཏང་ཨུ་དང་སྲིད་གཞུང་བཅས་རྩ་འཛུགས་བྱས་ནས་མཉམ་འབྲེལ་བར་འདུམ་ཚོགས་ཆུང་བཙུགས་ཏེ། བཅའ་ཁྲིམས་དང་མི་སྒེར་གྱི་ཁེ་ཕན་ཐད་ནས་ཕྱོགས་གཉིས་པོའི་ཁེ་དབང་དང་འོས་འགན།བཅའ་ཁྲིམས་ཀྱི་འགན་འཁྲི་བཅས་འགྲེལ་བཤད་གསལ་པོར་བརྒྱབ་པ་དང་། ཕྱོགས་གཉིས་ཀ་མོས་མཐུན་བྱུང་རྗེས་དུས་ཚོད་དང་པོའི་ནང་ཁྲིམས་འཛིན་གཏན་འཁེལ་བྱས་པས། རེ་ཞུ་འབྱོར་བ་ནས་མཇུག་སྒྲིལ་བར་གཟའ་འཁོར་གཅིག་ཀྱང་མ་འགོར་བ་རེད།
ལྟེ་གནས་ཀྱི་ཁྱད་ལྡན་འདུམ་འགྲིག་ཁང་ཡིན་པའི་ངོས་ནས“འཕྲིན་ལས་དབང་ཕྱུག་འདུམ་འགྲིག་ཁང”ལའང་ས་གནས་དེ་གའི་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་ཐོབ། “སྔོན་ཆད། འགལ་བ་དང་རྩོད་གཞི་གང་ཞིག་བྱུང་རུང་། ཁྲིམས་ཁང་ལ་འགྲོ་བ་དང་། གཏུག་བཤེར་བྱེད་པ། བཤད་ཚུལ་འདྲི་རྩད་བྱེད་པ་བཅས་ལ་བསམ་བློ་བཏང་ཡོད། ད་སྐབས་སུ་ཞིག་ལ་འགལ་བ་དང་རྩོད་གཞི་བྱུང་ཚེ་སྔོན་ལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི‘འཕྲིན་ལས་དབང་ཕྱུག་འདུམ་འགྲིག་ཁང’དུ་ཕྱིན་ནས་རེ་ཞིག་བསྡད་ན་གནད་དོན་ཐག་གཅོད་ཐུབ་ཀྱང་སྲིད།”ལས་དོན་སྒྲུབ་པར་ཡོང་མཁན་གྱི་སྡེ་མིས“ཁྱད་ལྡན་ཚན་ཁག”དེར་རྒྱུས་མངའ་ཆེན་པོ་ཡོད།
ད་ལོའི་ཟླ7པར། ལྟེ་གནས་སུ་བཅའ་སྡོད་བྱས་པའི་སྡེ་ཁག་སོ་སོ་དང་དེ་བཞིན་ཆེད་བསྐོས་འདུམ་འགྲིག་པ་འཕྲིན་ལས་དབང་ཕྱུག་བཅས་ཀྱི་ཐུན་མོང་འབད་བརྩོན་འོག ཐག་གཅོད་བྱེད་དཀའ་བའི་རྩྭ་སའི་ཁ་གསབ་རོགས་དངུལ་གྱི་རྩོད་གཞི་ཞིག་ཐག་གཅོད་བྱེད་ཐུབ་བྱུང་། འཕྲིན་ལས་དབང་ཕྱུག་གིས། “ང་ཚོས་གྱོད་གཞིའི་འགག་རྩའི་གནད་དང་དཀའ་གནད།དེ་བཞིན་ཕྱོགས་གཉིས་ཀའི་རྩོད་གཞིའི་གཙོ་གནད་བཅས་གསེད་བཀྲོལ་བྱས་པ་བརྒྱུད། དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་པ་དང་འབྲེལ་ཏེ་བརྟག་དཔྱད་དཔང་རྟགས་གང་ལེགས་ལེན་པ་དང་། བརྩེ་བ་དང་གནས་ལུགས་བཅའ་ཁྲིམས་བཅས་ཟུང་འབྲེལ་གྱི་འདུམ་འགྲིག་ཐབས་ཇུས་སྤྱད་དེ། ངོ་འཕྲད་འབྲེལ་གཏུག་བྱས་པ་དང་། ཕྱོགས་གཉིས་ཀར‘འདུམ་འགྲིག་ཟམ་པ’བསྐྲུན་ནས། མཐར་ཕྱོགས་གཉིས་ཀ་རང་མོས་ངང་འདུམ་འགྲིག་བྱུང་ནས། རེ་ཞུ་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བྱས་པ་དང་དུས་མཚུངས་སུ་ཁྱིམ་ཚང་གི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད”ཟེར།
ལྟེ་གནས་ཀྱིས་ད་དུང་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་ལ་བརྟེན་ནས། རྫོང་རིམ་པའི་མགོ་ཁྲིད་ཐུན་སྡོད་དང་གྱོད་དོན་འགན་གཙང་ལེན་གྱི་ལམ་ལུགས་གཉིས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་བཅར་འདྲི་སྣེ་ལེན་བྱ་བ་དོན་འཁྱོལ་བྱས་པ་དང་། དུས་བཅད་ལྟར་འཆར་ཅན་ཚོགས་འདུ་འཚོགས་པ་དང་མགོ་ཁྲིད་ཀྱིས་ངོ་བཅར་སྣེ་ལེན་ཞུ་བའི་དུས་ཚོད་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཐུན་སྡོད་ལམ་ལུགས་ཀྱིས་དམངས་ལ་ཞབས་འདེགས་ཞུ་རྒྱུའི་འགན་ལེན་བྱས། ད་ལོའི་ཟླ4པར། རྫོང་རིམ་པའི་མགོ་ཁྲིད་དང་དེ་བཞིན་ཞང་གྲོང་ཏང་ཨུ་དང་། ལས་རིགས་སྡེ་ཁག་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ལྟེ་གནས་ཀྱིས་དུས་ཡུན་ལོ་ལྔ་འགོར་བའི་ཡིག་སྐུར་ངོ་གཏུག་གི་གྱོད་རྙིང་ཞིག་གྲུབ་འབྲས་ལྡན་པའི་ངང་ཐག་གཅོད་བྱས། མིག་སྔའི་བར། ཁྱོན་བསྡོམས་ངོ་གཏུག་ཏུ་ཡོང་བའི་མང་ཚོགས300ལྷག་སྣེ་ལེན་བྱས་པ་དང་། འགལ་བ118འདུམ་འགྲིག་བྱས་ལ། ཡིག་སྐུར་ངོ་གཏུག་གི་གྱོད་གཞི19ཐག་གཅོད་བྱས་པར་མ་ཟད། གཏུག་བཤེར་ཞབས་ཞུ56མཁོ་འདོན་དང་བཅའ་ཁྲིམས་རོགས་སྐྱོར21བཅས་བྱས།
“ཡུས་ཧྲུའུ་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱིས་འགན་ནུས་ཁག་ལྔ་མཉམ་འདྲེས་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་ལས་སྟེགས་ཆེན་པོ་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། གཞི་རིམ་བཅོས་སྐྱོང་གི་སྟོབས་ཤུགས་སྣ་མང་སྤྱད་ནས། བདག་སྤྲོད་དང་ཁག་བགོས།ཞིབ་འཇུག་བརྡར་གཅོད།སྐུལ་སྒྲུབ་བཅས་ནུས་མཐོའི་འཁོར་སྐྱོད་བྱེད་སྟངས་མངོན་འགྱུར་བྱུང་ནས། ཕྱོགས་བསྡུས་བཅོས་སྐྱོང་གི་དོན་དག་ཐག་གཅོད་དང་། འགལ་བ་དང་རྩོད་གཞི་སེལ་བ།ཡིག་བསྐུར་ངོ་གཏུག་སྣེ་ལེན་དང་ཐག་གཅོད། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ། གཏུག་བཤེར་ཞབས་ཞུ་བཅས‘སྒོ་གཅིག་ཏུ་འཛུལ་ན། མང་མཐར་ཡང་གནས་གཅིག་ལ་མ་གཏོགས་འགྲོ་མི་དགོས་པ’བྱས་ཏེ། མང་ཚོགས་ཀྱི‘འདུམ་འགྲིག་བྱེད་འདོད’དང‘ཞུ་གཏུག་བྱེད་འདོད’‘རོགས་རམ་ཐོབ་འདོད’སོགས་སྣ་མང་ཅན་གྱི་དགོས་མཁོ་བསྐངས་པ་དང་སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི‘སེམས་སྦྲེལ་ཟམ་པ’བསྐྲུན་པ་ཡིན”ཞེས་ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཨོ་ཡོ་ཚེ་རིང་གིས་བཤད། །