མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པ་ཞང་ཀང་དུ་རྟོག་ཞིབ་བརྗེ་རེས་ལ་བསྐྱོད་པ།
发布时间:2024年09月12日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས9ནས10ཉིན་བར། མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པ་ཞང་ཀང་དུ་རྟོག་ཞིབ་བརྗེ་རེས་ལ་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀང་ཨའོ་ལས་དོན་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལས་དོན་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་ཟབ་མོ་བྱས་པ་དང་། ཞང་ཀང་དང་མཚོ་སྔོན་ལག་གདང་མཉམ་སྦྲེལ་སྒོས་གཉིས་ཕན་མཉམ་རྒྱལ་བྱེད། ལྗང་མདོག་མཚོ་སྔོན་ཞང་ཀང་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་སྤེལ་བ། 2024ལོའི་མཚོ་སྔོན་དང་ཞང་ཀང་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་འོས་སྦྱོར་ཚོགས་འདུ་འཚོགས་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དྲིལ་སྒྲོག་ཟབ་མོ་བྱས་ཏེ། མཚོ་སྔོན་དང་ཞང་ཀང་གཉིས་ཀྱི་མཉམ་ལས་ཟབ་སྤེལ་སྔར་ལས་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་བཏང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཀྲེན་དབྱིན་གྱིས་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་མཇལ་འཕྲད་གནང་བ་དང་། འོས་སྦྱོར་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྩལ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་ཐུག་འཕྲད་བྱས་པར་མ་ཟད་འོས་སྦྱོར་ཚོགས་འདུ་ཐོག་བརྙན་ལམ་རྣམ་པས་ཤིས་ཚིག་ཕུལ། ཀྲུང་དབྱང་སྲིད་གཞུང་གི་ཀང་སྡོད་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲེན་ཡན་ཞུང་གིས་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་བཞུགས་མོལ་བརྗེ་རེས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་བརྗོད་དོན་གསུང་བཤད་གནང་།ལང་ཀྲེན་དབྱིན་གྱིས། ཞང་ཀང་ནི་རྒྱལ་ཁབ་ཚད་མཐོའི་རྒྱལ་སྤྱི་ཅན་དང་ཚད་མཐོའི་སྒོ་འབྱེད། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་ལས་རིགས་གཙོ་བོ་ཡིན་པའི་དཔལ་འབྱོར་སྡེ་ཁག་ཅིག་ཡིན། རང་ཉིད་རྒྱལ་སྤྱིའི་ཉོ་ཚོང་ཁྲོད་ཀྱི་གོ་གནས་ལ་བརྟེན་ནས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་པར་རོགས་རམ་བྱས་ཆོག་ལ། སྔར་ལས་ཆེ་བའི་ཁྲོམ་ར་ནས་སྔར་ལས་མཐོ་བའི་རིན་གོང་དུ་འཚོང་ཐུབ་པས། མཚོ་སྔོན་གྱི་ཁེ་ལས་ཕྱིར་སྐྱོད་པའི་རེ་འདོད་ཀྱི་སྟེགས་བུ་ཞིག་ཡིན། ཁྱད་པར་དུ་རྒྱལ་སྤྱིའི་ཤུགས་རྐྱེན་ཡོད་པའི་ཀྲུང་གོའི་བཟོ་སྐྲུན་ཚོང་རྟགས་སྐྲུན་པའི་ཕྱོགས་ནས། ཞང་ཀང་ལ་དམིགས་བསལ་གྱི་དགེ་མཚན་ཡོད་ལ། དེ་བས་ཀྱང་ལེགས་འགྲུབ་ཀྱི་ཉམས་མྱོང་ཡོད། ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་དང་ཞང་ཀང་གཉིས་ཀྱི་མཉམ་ལས་ཀྱི་སྦྲེལ་གནས་གསར་པ་ཞིག་དང་དུས་མཚམས་གསར་པ་ཞིག འཕེལ་གནས་གསར་པ་ཞིག་བཅས་སུ་འགྱུར་ངེས། མཚོ་སྔོན་དང་ཞང་ཀང་གཉིས་མཉམ་ལས་ཀྱི་མགོ་རྩོམ་ས་གསར་པའི་ཐོག་ལངས་ནས། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱིས་སྔར་ལས་ལྷག་པར་འབྲེལ་གཏུག་གླེང་མོལ་བྱེད་པ་དང་། ཕྱོགས་གཉིས་ཀྱི་དགེ་མཚན་དང་གང་མཁོ་ལ་རྒྱུས་ལོན་ཞིབ་མོ་བྱེད་པ། སོ་སོའི་དགེ་མཚན་ཕུན་སུམ་ཚོགས་པར་འདོན་པ། ཐོན་ལས་གནད་སྨིན་མཐུད་སྦྲེལ་ལ་ཤུགས་སྣོན་པ། ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར། ལྗང་མདོག་རྩིས་ནུས། བརྟག་བཤེར་ཞིབ་བཤེར་སོགས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་མོར་སྤེལ་བར་མུ་མཐུད་དུ་རྒྱ་སྐྱེད་པ་བཅས་བྱས་ན། མཚོ་སྔོན་དང་ཞང་ཀང་གཉིས་ཀྱི་མཉམ་ལས་ལ་མུ་མཐུད་དུ་འཕེལ་འགྲོས་གསར་པ་དང་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་མཐོ་བ་དང་སྔར་ལས་ཆེ་བའི་སྟེགས་བུར་འཛེག་པ། མཉམ་དུ་ས་གནས་གཉིས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྩོལ་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་སྔར་ལས་ལེགས་པར་ཞབས་ཞུ་དང་འདྲེས་པ་བཅས་བྱེད་ཐུབ་ཅེས་བསྟན།ལི་ཅ་ཁྲའོ་ཡིས་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་ཞང་ཀང་ལ་བསླེབས་པར་དགའ་བསུ་ཞུས་པ་དང་། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། མཚོ་སྔོན་དང་ཞང་ཀང་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྔར་ལས་ལྷག་པར་སྐུལ་འདེད་གོཏང་དགོས། ཁོས་མཚོ་སྔོན་གྱིས་ཉེ་བའི་ལོ་འགའི་རིང་། ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བརྒྱུད་ལམ་འཛུགས་སྐྲུན། རྒྱུད་གཅིག་ལམ་གཅིག་འབོད་སྐུལ་བཅས་ཀྱི་ཁྲོད་འཐབ་ཇུས་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཞང་ཀང་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོག་ཏུ་མེས་རྒྱལ་རྒྱབ་རྩར་བྱས་པ་དང་མདུན་སྒོ་འཛམ་གླིང་ལ་ཕྱེ་བའི་དམིགས་བསལ་དགེ་མཚན་ལྡན། མཚོ་སྔོན་དང་དཔལ་འབྱོར་ཉོ་ཚོང་འགྲོ་འོང་མང་ཞིང་། མཚོ་སྔོན་གྱི་རྒྱལ་ཕྱིའི་དངུལ་གཏོང་འབྱུང་ཁུངས་ཆེ་ཤོས་དེ་ཡིན། མི་སྒེར་ཡུལ་སྐོར་གྱི་འཆར་གཞི་ད་ལོའི་ཟླ་ལྔ་པར་མཚོ་སྔོན་ཟི་ལིང་བར་རྒྱ་སྐྱེད་པ་དང་བསྟུན་ནས། ཟི་ལིང་དང་ཞང་ཀང་བར་གྱི་ཐད་འཕར་མཁའ་ལམ་ད་ལོའི་ཟླ་བདུན་པར་ཤར་བགྲོད་བྱུང་བ་དེས། མཚོ་སྔོན་དང་ཞང་ཀང་ས་གནས་གཉིས་ཀྱི་དམངས་སེམས་གཅིག་ཏུ་མཐུན་པར་སྔར་ལས་ལྷག་པར་སྐུལ་འདེད་བཏང་བ་དང་། མཉམ་ལས་བརྗེ་རེས་ཐོག་སྐས་རིམ་གསར་པར་བསྐྱོད། མ་འོངས་པར་ཞང་ཀང་གིས་རྨད་བྱུང་འབྲེལ་གཏུག་པ་དང་རྨད་བྱུང་རིན་ཐང་ཅན་གྱི་ཐོབ་ཐང་མུ་མཐུད་དུ་བེད་སྤྱོད་ལེགས་པོ་བྱས་ཏེ། མཚོ་སྔོན་དང་ལག་གདང་སྦྲེལ་ནས་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན། མཚོ་སྔོན་གྱི་གྲོགས་པོ་ཞང་ཀང་ལ་རྒྱུན་དུ་ཕེབས་པ་དང་། ཞང་ཀང་གི་གསོན་ཤུགས་དང་མཛེས་སྡུག་ལ་རོལ་མྱོང་བྱེད་པ། ཞང་ཤང་བཅོས་སྐྱོང་ནས་དར་རྒྱས་ཀྱི་བགྲོད་ལམ་གསར་པའི་ཐོག་གི་སྒུལ་ནུས་གསར་པ་དང་འཕེལ་རྒྱས་གསར་པ། གོ་སྐབས་གསར་པ་བཅས་ལ་རྒྱུན་ལོན་དང་རྒྱབ་སྐྱོར་གནང་བར་དགའ་བསུ་ཡོད་ཅེས་བཤད།ཀྲེན་དབྱིན་ཞུང་གིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་ཏེ། ཁོས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱས་པ་དང་། ཆུ་ཚད་མཐོན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་པ། ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་རྒྱ་བསྐྱེད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟན་ཅིང་བརླིང་བའི་གོམ་སྟབས་སྤས། ཐེངས་འདིའི་བྱེད་སྒོ་ལེགས་པར་སྤེལ་བ་དེས། མཚོ་སྔོན་དང་ཞང་ཀང་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་ལྷག་པར་ཇེ་ཟབ་ཏུ་འགྲོ་བ་དང་། དགེ་མཚན་གསབ་རེས་ལ་སྐུལ་འདེད་བཏང་སྟེ། གཉིས་ཕན་མཉམ་རྒྱལ་མངོན་དུ་འགྱུར་ཁོ་ཐག་ཡིན། ཀང་སྡོད་འབྲེལ་གཏུག་གཞུང་ལས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བཀའ་མངགས་ཕྲག་ཏུ་ལེན་པ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་དང་སེམས་ཁུར་བྱེད་པ། རྨད་བྱུང་འབྲེལ་གཏུག་པ་དང་རྨད་བྱུང་ཞབས་ཞུ་པའི་ཐོབ་ཐང་དང་ནུས་པ་ཕུན་སུམ་ཚོགས་པར་འདོན་པ། རང་འགུལ་གྱིས་བྱས་རྗེས་འཇོག་པར་འབད་དེ། ཞང་ཀང་དང་མཚོ་སྔོན་ས་གནས་གཉིས་ཀྱི་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ས་དང་དངོས་ལ་འབེབས་པར་སྟོབས་ཤུགས་ཡོད་རྒུས་རོགས་སྐུལ་བྱ་རྒྱུ་ཡིན་ཞེས་བསྟན།ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གི་ཚབ་མཛད་ནས། ལང་ཀྲེན་དབྱིན་ཀྲུའུ་ཞི་གཞོན་པ་དང་ལི་ཅ་ཁྲའོ་སྲིད་འཛིན་དཔོན། ཀྲེན་དབྱིན་ཞུང་ཀྲུའུ་རེན། ཞང་ཀང་གི་ལས་རིགས་སོ་སོའི་གྲོགས་པོ་རྣམས་ལ་བཀའ་དྲིན་ཆེ་ཞུས། ཁོང་གིས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོར་གཅིག་གཏོད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བཀའ་མངགས་ཟབ་མོ་ཡིད་ལ་བཟུང་བ་དང་དྲིན་གཟོ་འབད་འཐབ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྔམ་བརྗིད་ལྡན་པའི་འཆར་འགོད་ལྟར་བློ་རྩ་བརྟན་པོས་མདུན་དུ་སྐྱོད་པ། རྒྱལ་ཁབ་ཀྱི་ཆེ་ཕྱོགས་ལ་འབད་པས་འདྲེས་པ་དང་ཞབས་ཞུ་བསྒྲུབས་པ། ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་པས། ལོ་རྒྱུས་ཐོག་ཆེས་ལེགས་པའི་འཕེལ་རྒྱས་ཀྱི་དུས་སྐབས་བསུས་ཡོད། མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་མོ་དང་ཐོན་ཁུངས་ཀྱི་ཞིང་ཆེན་ཕྱུག་པོ། འཐབ་ཇུས་ཀྱི་ཞིང་ཆེན་གནད་ས་བཅས་ཡིན་ལ། ཞང་ཀང་ནི་རྒྱལ་སྤྱིའི་དངུལ་ལོར་ལྟེ་བ་དང་མཁའ་འགྲུལ་ལྟེ་བ། ཉོ་ཚོང་ལྟེ་བ་བཅས་ཡིན། དེ་བས་ས་གནས་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་ཡངས། ཞང་ཀང་ས་གནས་ཀྱི་རྒྱ་ཆེ་བའི་ཁེ་ལས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཚོང་རྟགས་ཇུས་འགོད་དང་ཚད་གཞི་གཏན་འབེབས། ཐོན་སྐྱེད་ཕྱིར་ཚོང་མཐུད་སྦྲེལ་བཅས་ལ་འབད་པས་ཞུགས་པ་དང་། ས་གནས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཐོན་ལས། ཚན་རྩལ། ཟོང་འགྲེམ། ཡུལ་སྐོར། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ལྷག་པར་ཟབ་མོར་སྤེལ་བ། མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་ཐོན་ལས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་སྦྲེལ་མཐུད་བྱེད་པར་སྐུལ་བ། སྔར་ལས་རྒྱ་ཡངས་པ་དང་སྔར་ལས་རིམ་པ་ཟབ་པའི་བརྗེ་རེས་མཉམ་ལས་གནས་སྟངས་གསར་པ་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་ཆེ་བའི་སྟོབས་ཤུགས་སྐྱེས་སུ་དབུལ་རྒྱུའི་དགའ་བསུ་ཡོད་ཅེས་གསུངས།ཧྲིན་ཀྲང་གཞོན་པ་ཝང་ཝའེ་ཧུང་གི་འོས་སྦྱོར་ཚོགས་འདུར་མགོ་འཛིན་བྱས། ཀྲུང་དབྱང་སྲིད་གཞུང་གི་ཀང་སྡོད་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱི་ཙུང་ཧྭ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་སྲིད་དོན་སིའི་སི་ཀྲང་གཞོན་པ་ཀྲུའོ་ཡུང་ཞིན་འོས་སྦྱོར་ཚོགས་འདུར་ཞུགས། ཞང་ཀང་ཉོ་ཚོང་འཕེལ་རྒྱས་ཅུའུ་ཡི་སྤྱི་གཉེར་པ་ཧྥང་ཧྲུན་ཝུན་གྱི་ཤིས་ཚིག་ཕུལ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་འགན་འཁུར་པས་སོ་སོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་ཡུལ་སྐོར་ཐད་ནས་འོས་སྦྱོར་བྱས། མཚོ་སྔོན་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ། ཁེ་ལས་བཅས་ཀྱི་ཞང་ཀང་གི་འབྲེལ་ཡོད་ཕྱོགས་དང་མཉམ་ལས་གྲོས་གཞི་རབ་དང་རིམ་པར་མིང་རྟགས་བཀོད། བསྡོམས་པའི་མིང་རྟགས་བཀོད་པའི་ལས་གཞི18ཡོད་པ་དང་། མིང་རྟགས་བཀོད་པའི་དངུལ་གྲངས་སྒོར་དུང་ཕྱུར43.6བསླེབས།ཞང་ཀང་གི་འབྲེལ་ཡོད་སྡེ་ཁག་དང་ཚོང་ལས་མཐུན་སྦྱོར་ཚོགས་པ། བཟོ་ཚོང་ལས་རིགས་བཅས་ཀྱི་འཐུས་མི་དང་། ཀང་ཨའོ་དང་མཚོ་སྔོན་གྱི་སྲིད་གྲོས་ཨུ་ཡོན་ཁ་ཤས། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག ཁེ་ལས50ལ་ཉེ་བའི་འགན་འཁུར་པ་བཅས་འོས་སྦྱོར་ཚོགས་འདུར་ཞུགས།ཞང་ཀང་དུ་ཡོད་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་སྔ་རྗེས་སུ་ཞང་ཀང་བཟོ་ལས་སྤྱིའི་ཚོགས་པ་དང་ཚོང་འགུག་ཅུའུ་སྡེ་ཚོགས། ཧྭ་རུའེ་སྡེ་ཚོགས། ཞང་ཀང་ཚན་རིག་གླིང་བཅས་སུ་རྟོག་ཞིབ་བཅར་འདྲི་སོང་བ་དང་། ས་གནས་གཉིས་ཀྱི་མཉམ་ལས་ཟབ་མོར་སྤེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་བའི་བཞུགས་མོལ་བརྗེ་རེས་སྤེལ་ཏེ། ཐུན་མོང་གི་ངོས་ཟིན་རབ་དང་རིམ་པ་བྱུང་། །
གསང་བདག་རྒྱལ་གྱིས་བསྒྱུར།