ཆུང་འབྲིང་སློབ་མས་རི་ཆུའི་རིག་གནས་ལ་སློབ་སྦྱོང་བྱེད་དགོས་པའི་གལ་ཆེན་རང་བཞིན་རགས་ཙམ་གླེང་བ།
发布时间:2024年09月19日 消息来源:


ཚེ་ལྷ་རྒྱལ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།

རི་ཆུའི་རིག་གནས་ལ་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་གྱི་སྒོ་ནས་སློབ་སྤྱོང་བྱས་པ་བརྒྱུད་དེ་རིག་གནས་ཐམས་ཅད་ཀྱི་འབྱུང་རྩ་ནི་རི་བོ་དང་ཆུ་བོའི་འབབ་ཡུལ་ཡིན་པར་རྒྱུས་ལོན་བྱས་ན། ཆུང་འབྲིང་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་དང་ཤེས་རྟོགས་གི་ཆུ་ཚད་གོང་མཐོར་གཏོང་བར་མ་ཟད། ཕ་ཡུལ་གྱི་རི་ཆུ་གྲགས་ཅན་སོགས་ལ་སློབ་སྤྱོང་བྱས་པ་ལས་ཕ་ཡུལ་ལ་རྒྱུས་ལོན་དང་ཕ་ཡུལ་ལ་དགའ་བའི་འདུ་ཤེས་གསོ་སྐྱོང་དང་། ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་དོན་སྙིང་རྟོགས་ཐུབ།

ཆུང་འབྲིང་སློབ་མས་སློབ་སྤྱོང་བྱེད་དགོས་པའི་ཤེས་བྱ་ལ་སྣ་ཚོགས་ཤིག་ཡོད་མོད། འོན་ཀྱང་སློབ་སྦྱོང་གི་སྐས་རིམ་མི་འདྲ་བའི་དབང་གིས་སྦྱང་བྱ་ཡང་མི་འདྲ་བ་རེད། ཤེས་བྱ་ལ་ལ་ནི་ང་ཚོ་དང་བར་ཐག་ཆེས་ཉེ་ཞིང་ཚེ་གང་བོར་རང་ཉིད་དང་འགྲོགས་ནས་ཡོད་ལ། དེའི་སྐོར་ལ་ང་ཚོས་ངེས་པར་དུ་སློབ་སྤྱོང་ཡག་པོ་བྱེད་དགོས། རི་ཆུའི་རིག་གནས་ནི་ང་ཚོའི་འཚོ་བ་དང་དམ་དུ་འབྲེལ་ཞིང་ནང་དོན་སྣ་མང་ཕུན་སུམ་ཚོགས་པའི་ཤེས་བྱའི་བང་མཛོད་ཅིག་ཡིན་པས། སློབ་མ་ཚོས་ངེས་པར་དུ་སློབ་སྦྱོང་བྱེད་དགོས། རི་ཆུའི་རིག་གནས་ནི་འཛམ་གླིང་གི་རིག་གནས་ཀུན་གྱི་འབྱུང་རྩ་ཡིན་ཞེས་བཤད་ཆོག་ལ། མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ཆེད་མཁས་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས “རི་བོ་ནི་ཆུ་བོའི་འབྱུང་ཁུངས་ཡིན་ལ། ཆུ་ནི་ཚེ་སྲོག་དང་ཤེས་རིག་གི་འབྱུང་ཁུངས་ཡིན” ཞེས་བརྗོད་ཡོད། དེ་བས་རང་ཅག་སློབ་མ་རྣམས་ཀྱིས་སྤྱིའི་ཆ་ནས་འཛམ་གླིང་ཤེས་རིག་གི་འབྱུང་གནས་སུ་གྱུར་ཡོད་པའི་རི་ཆུའི་རིག་གནས་གྲགས་ཅན་གང་མང་ལ་སློབ་སྦྱོང་བྱེད་དགོས་ལ། ལྷག་པར་རང་རྒྱལ་དང་རང་གི་ཕ་ཡུལ་སོགས་ཀྱི་རི་བོ་གྲགས་ཅན་དང་ཆུ་བོ་གྲགས་ཅན། དཔེར་ན། གནས་རི་དང་བླ་མཚོ་གྲགས་ཅན་སོགས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་རྒྱུ་ནི་སློབ་སྦྱོང་གི་སྤྲོ་སེམས་ལ་ཤུགས་སྣོན་དང་རིག་གནས་ཤེས་བྱའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་དོན་སྙིང་ཆེན་པོ་ལྡན་པར་མ་ཟད། རི་ཆུའི་རིག་གནས་ལ་སློབ་སྦྱོང་བྱེད་པ་ནི་ཕ་ཡུལ་གྱི་རི་ཆུ་ལ་དགའ་བ་དང་དེའི་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་སྟངས་ཤིག་ཀྱང་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་སྐབས་བདུན་པའི་སྟེང་ནན་གྱིས་བསྟན་དོན། “མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ཆེས་ཆེ་བའི་ལེགས་སྐྱེས་ཡིན་ལ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ས་མཐོའི་སྐྱེ་དངོས་རྩི་ཤིང་དང་། རི་ཆུ་ཁྲི་སྟོང་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། མཚོ་བོད་མཐོ་སྒང་ནི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་ཤིག་ཏུ་བསྐྲུན་དགོས”ཞེས་གསུངས་པ་ལས་རི་ཆུའི་རིག་གནས་ལ་སློབ་སྦྱོང་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་། ཀྲུང་ཧྭ་མི་རིགས་ཀྱིས་རི་ཆུའི་རིག་གནས་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་འཛིན་པའི་རྣམ་འགྱུར་དང་ཆོད་སེམས་ཀྱང་རྟོགས་ཐུབ།

དང་པོ། རི་ཆུའི་རིག་གནས་ཀྱིས་སློབ་མའི་སློབ་སྦྱོང་ལ་སྤྲོ་སྣང་འཕེལ་དུ་འཇུག་པ།

བྱ་བ་གང་ཞིག་སྒྲུབ་པར་ཐོག་མར་མེད་དུ་མི་རུང་བ་ནི་དེ་ལ་འཇུག་པའི་སྤྲོ་བ་ཡིན། བྱ་བ་གང་དེ་སྒྲུབ་པར་སྤྲོ་སྣང་ཡོད་ན་བྱ་བ་དེ་ལ་འཇུག་པའི་རྒྱུན་རིང་ཞིང་འགྲུབ་པའང་སླ། སློབ་སྦྱོང་ལ་མཚོན་ནའང་ཆེས་གལ་ཆེ་བ་ནི་ཤེས་བྱ་གང་ཞིག་སློབ་པར་སྤྲོ་སྣང་ལྡན་དགོས། དེ་འདྲ་ཡིན་ན་སློབ་སྦྱོང་ལ་སུན་སྣང་མེད་པར་སྤྲོ་སྣང་ལྡན་པའི་སྒོ་ནས་འབད་བརྩོན་བྱེད་ཐུབ་ལ་གྲུབ་འབྲས་ཀྱང་བཟང་པོ་ལོན་ཐུབ། རི་ཆུའི་རིག་གནས་ལ་སློབ་སྦྱོང་བྱེད་པ་ནི་སྤྲོ་སྣང་གི་སེམས་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་མཆོག་ཏུ་གྱུར་བ་ཞིག་རེད། 《སྤྲོ་སྣང་སློབ་གསོའི་མན་ངག》ཏུ“མི་ཚེའི་བགྲོད་ལམ་སྟེང་གྲུབ་འབྲས་གཟེངས་སུ་ཐོན་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ལ་མཚོན་ན། རང་བྱུང་ཁམས་ཆེན་མོ་ལྟ་བུའི་དགེ་རྒན་ལེགས་པོ་ཞིག་མ་མཆིས” ཞེས་བརྗོད་པ་དང་། ལྷག་པར་དུ་རྩོམ་པ་པོ་ཁོ་རང་གིས་རང་གི་བུ་ཆུང་ཡང་རང་བྱུང་ཁམས་ཀྱི་རི་ཆུའི་མཛེས་སྡུག་སྣ་ཚོགས་ཀྱི་ཁྲོད་དུ་ཁྲིད་དེ་བུ་ཆུང་ལ་སློབ་སྦྱོང་གི་སེམས་ཤུགས་དང་བློ་རིག་རྒྱས་སུ་བཅུག་པ་བྲིས་ཡོད། 《ཁྱེའུ་དུས་ཀྱི་སློབ་གསོའི་མན་ངག》ཏུ“རང་བྱུང་ཁམས་ཆེན་མོ་ནི་འགྲོ་བ་མིའི་རིགས་ཀྱི་དགེ་རྒན་ལེགས་ཤོས་དེ་ཡིན”ཞེས་བྱིས་པར་ཆུང་དུས་ནས་རང་བྱུང་ཁམས་ཆེན་མོར་སློབ་སྦྱོང་བྱེད་པའི་གོམས་གཤིས་ལོབས་སུ་འཇུག་དགོས་པ་དང་རང་བྱུང་ཁམས་ཆེན་མོས་བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་པ་བརྗོད་ཡོད། དེ་བས་རང་ཅག་སློབ་མ་ཚོར་མཚོན་ན་ཡང་ཕ་ཡུལ་གྱི་རི་བོ་དང་ཆུ་བོ། གནས་རི་དང་བླ་མཚོ། གནའ་ཤུལ་དང་མི་སྣ་གྲགས་ཅན་སོགས་ཀྱི་འཁྲུངས་གཞིས་སོགས་སུ་སོང་ནས་རྒྱུས་ལོན་དང་སློབ་སྦྱོང་བྱས་ན། རིམ་བཞིན་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་དང་རི་ཆུ་སོགས་དང་འབྲེལ་བ་ཡོད་པའི་ངོ་མཚར་བའི་གཏམ་རྒྱུད་དང་། དོན་དངོས་ཀྱི་རིན་ཐང་ལྡན་པའི་ལོ་རྒྱུས་ཤེས་བྱ་སྣ་ཚོགས་ཀྱིས་སློབ་མའི་ཤེས་བྱ་སློབ་པར་གོ་རྟོགས་གསར་པ་བསྐྱེད་པ་དང་། སློབ་སྦྱོང་གི་འདུན་པ་སྔར་ལས་ཀྱང་སྤྲོ་སྣང་འཕེལ་བར་འགྱུར་བས་སློབ་མའི་སེམས་ཁམས་དྭངས་ཤིང་བློ་རིག་རྒྱས་པའི་ཕན་ནུས་ཆེན་པོ་ལྡན་པ་ཡིན། རི་ཆུའི་རིག་གནས་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་ལ། ད་དུང་སྐྱེ་དངོས་དང་རི་དྭགས་སྣ་ཚོགས། འདབ་ཆགས་དང་སྒོ་ཕྱུགས་གཅན་གཟན་སོགས་ཀྱང་གང་མང་ཞིག་ཡོད་པས་རང་བྱུང་ཁམས་སུ་སློབ་སྦྱོང་གི་རྒྱུ་ཆ་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་བས 《སྤྲོ་སྣང་སློབ་གསོའི་མན་ངག》གི་ལེའུ་བཅུ་གཅིག་པའི“སྤྲོ་སྣང་ལྡན་པའི་རང་བྱུང་སློབ་གསོ”ཞེས་པའི་ཚན་པ་རུ་རང་བྱུང་ཁམས་དེ་ནི་བྱིས་པའི་རྟོགས་པ་སད་ཅིང་སློབ་སྦྱོང་ལ་སྤྲོ་སྣང་འཕེལ་དུ་འཇུག་ཐུབ་པའི་འཇིག་རྟེན་སྟེང་གི་རླབས་ཆེ་བའི་དགེ་རྒན་ཞིག་གི་ཚད་དུ་བཞག་ཡོད་པ་ལས་ཀྱང་རི་ཆུའི་རིག་གནས་ལ་སློབ་སྦྱོང་བྱེད་པ་ཧ་ཅང་གལ་ཆེ་བ་ཤེས་ཐུབ།

གཉིས་པ། རི་ཆུའི་རིག་གནས་ཀྱིས་སློབ་མའི་ཤེས་རྟོགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ།

རི་ཆུའི་རིག་གནས་ཁྲོད་དུ་ཤེས་བྱ་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད། དཔེར་ན། ཡར་ལྷ་ཤམ་པོ་དང་ཡར་ཀླུང་གཙང་བོ་གཉིས་དང་འབྲེལ་བའི་ས་ཁམས་ཆགས་ཡུལ་དང་། མི་ཡི་བྱུང་ཚུལ། ལོ་རྒྱུས་གཙོ་བྱས་པའི་རིག་གནས་དང་དཔལ་འབྱོར་སོགས་རིམ་བཞིན་དར་བའི་གནས་ཚུལ། གཞན་རི་བོ་དང་ཆུ་བོ། མི་སྣ་བཅས་བར་གྱི་གཏམ་རྒྱུད་སྣ་ཚོགས། ད་དུང་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་རྩི་ཤིང་སྣ་ཚོགས་ཀྱི་ཁྱད་པར། མདོར་ན་ས་ཁུལ་དེའི་འཚོ་བ་རོལ་སྟངས་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་ཆོ་ག་སོགས་ཀྱང་རི་ཆུའི་རིག་གནས་ལ་སློབ་སྦྱོང་བྱེད་པ་ལས་རྒྱུས་ལོན་གསལ་པོ་བྱེད་ཐུབ་ལ་ཞོར་དུ་སློབ་མའི་ཤེས་རྟོགས་ཀྱི་ཆུ་ཚད་ཡང་ཇེ་མཐོར་གཏོང་ཐུབ།

གསུམ་པ། རི་ཆུའི་རིག་གནས་ཀྱིས་ཕ་ཡུལ་ལ་དགའ་བའི་འདུ་ཤེས་གསོ་སྐྱོང་བྱེད།

སྤྱིར“རང་ཡུལ་གད་པ་ཡིན་རུང་སྐྱིད”ཟེར་བ་དང་། ཕ་ཡུལ་ནས་འཚར་ལོངས་བྱུང་བའི་ང་ཚོ་ས་ཆ་གང་དུ་སོང་ཡང་། ནམ་ཡང་སེམས་སུ་ཉར་ཡོད་པ་ནི་ཕ་ཡུལ་དང་ཕུ་ནུ་ཡིན་མོད། ཡིན་ཡང་།སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་ཕྱི་རོལ་གྱི་འཇིག་རྟེན་མཛེས་ཤིང་སྡུག་ལ་ཁ་དོག་རྣམ་པར་བཀྲ་བས། ལོ་ཆུང་གཞོན་ནུ་ཚོ་ཕ་ཡུལ་ལ་དགའ་བའི་འདུ་ཤེས་ཇེ་ཞན་དང་ཕ་ཡུལ་གྱི་རིག་གནས་ཤེས་བྱ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་མཁན་ཡང་ཇེ་ཉུང་རེད། རང་ཅག་སློབ་མ་རྣམས་ཀྱིས་རང་གི་ཕ་ཡུལ་གྱི་རི་ཆུའི་རིག་གནས་ལ་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པར་འདོད། ཕ་ཡུལ་གྱི་རི་ཆུའི་རིག་གནས་ལ་སློབ་སྦྱོང་བྱས་པ་ལས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་འབྲེལ་བའི་ཕ་མེས་གོང་མ་རྣམས་ཀྱིས་ཕ་ཡུལ་འཛུགས་སྐྲུན་གྱི་ཆེད་དུ་ཕུལ་བའི་དཀའ་སྡུག་གི་དངུལ་ཆུའི་ལོ་རྒྱུས་རྟོགས་ཐུབ་ལ། ཕ་ཡུལ་གྱི་རི་ཆུ་དང་འབྲེལ་བའི་མི་སྣ་གྲགས་ཅན་དང་གནའ་ཤུལ་གྲགས་ཅན་སོགས་ཀྱིས་ཕ་ཡུལ་གྱི་མཛེས་སྡུག་གི་རིན་ཐང་རྟོགས་ཐུབ་ལ་ཕ་ཡུལ་ལ་དགའ་ཞིང་དུང་བའི་འདུ་ཤེས་གསོ་སྐྱོང་བྱེད་ཐུབ།

བཞི་པ། ཕ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་བྱས་རྗེས་འཇོག་ཐུབ།

“ཁོར་ཡུག་སྲུང་སྐྱོབ་བྱེད་པར་མི་རེ་རེར་འོས་འགན་ཡོད”ཅེས་པ་ལྟར། ང་ཚོ་སུ་ཞིག་ཡིན་ཡང་ཕ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་འོས་འགན་ཡོད་པ་རེད། ཡིན་ཡང་ང་ཚོས་རང་འགུལ་གྱིས་ཁོར་ཡུག་གཙང་སྤྲ་དང་བདག་སྐྱོང་བྱེད་པ་ཧ་ཅང་ཉུང་། དེ་བས་རང་ཅག་སློབ་མ་རྣམས་ཀྱིས་ཆུང་དུས་ནས་ཕ་ཡུལ་གྱི་རི་ཆུ་རིག་གནས་ལ་སློབ་སྦྱོང་བྱས་ན་ཕ་ཡུལ་གྱི་རིག་གནས་དང་འཚོ་བའི་དངོས་རྫས་གང་མང་གི་འབྱུང་རྩ་ནི་ཕ་ཡུལ་གྱི་རི་ཆུ་ཡིན་པ་རྟོགས་ཐུབ་ལ། དེ་ལས་མེས་པོ་གོང་མ་རྣམས་ཀྱིས་ཕ་ཡུལ་གྱི་རི་ཆུ་དང་ཁོར་ཡུག་ལ་ཇི་ལྟར་བདག་སྐྱོང་བྱས་པའི་བཀའ་དྲིན་དྲན་ལ། མི་རབས་རྗེས་མ་རྣམས་ཀྱིས་ཇི་ལྟར་རྒྱུན་མཐུད་ནས་སྲུང་སྐྱོབ་བྱེད་པ་དང་། རང་རང་གི་ཕྲག་ཏུ་བབས་པའི་འོས་འགན་དང་དུ་བླངས་ནས་ཕ་ཡུལ་གྱི་རི་ཆུ་དང་ཁོར་ཡུག་ལ་བདག་སྐྱོང་བྱས་ཏེ་ཆུང་ས་ནས་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་ཆེ་ས་ནས་མེས་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྗང་མདོག་འཛུགས་སྐྲུན་ལ་བྱས་རྗེས་འཇོག་དགོས།

རི་ཆུའི་རིག་གནས་ནི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤིག་ཡིན་ལ། དེ་ལ་སློབ་སྦྱོང་བྱེད་དགོས་པའི་རིན་ཐང་དང་དོན་སྙིང་། དགོས་པའང་ཆེ། ཆུང་འབྲིང་སློབ་མ་ཞིག་ལ་མཚོན་ན། རི་ཆུའི་རིག་གནས་ལ་སློབ་སྦྱོང་བྱས་ཏེ་ཤེས་བྱ་སློབ་པའི་སྤྲོ་སྣང་དང་རིག་གནས་ཤེས་རྟོགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཕ་ཡུལ་ལ་དགའ་བའི་འདུ་ཤེས་གསོ་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཧ་ཅང་གལ་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་རེད། །