ཧི་ནན་རྫོང་སོག་བོད་སྨན་ཁང་གིས་ཟི་ལིང་སྒོ་བསྟེན་ཁང་གི་སྒོ་འབྱེད་མཛད་སྒོ་སྤེལ་བ།
发布时间:2024年09月20日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གསར་འགོད་པ། གསང་བདག་རྒྱལ། བདེ་ལེགས་མཚོ།
ཟླ9པའི་ཚེས18ཉིན། ཧོ་ནན་རྫོང་སོག་བོད་སྨན་ཁང་གིས་ཟི་ལིང་སྒོ་བསྟེན་སྨན་ཁང་གི་སྒོ་འབྱེད་མཛད་སྒོ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ་སྤེལ། ཧོ་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཆི་ཞའོ་ཆིང་གིས་ཤིས་ཚིག་ཕུལ་བར་མ་ཟད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཚབ་བྱས་ནས་སྒོ་འབྱེད་མཛད་སྒོར་ཕེབས་པའི་མགོ་ཁྲིད་དང་ཆེད་མཁས་པ་རྣམས་ལ་དགའ་བསུ་དང་བཀའ་དྲིན་ཞུས། ཧོ་ནན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཕིང་ཡོན་ཉིང་གིས་སྒོ་འབྱེད་མཛད་སྒོར་མགོ་འཛིན་བྱས།མཚོ་སྔོན་ཞིང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་དབང་མོ་དང་། རྨ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧན་ཧའེ་ཧོང་། རྨ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཧྲི་ཏུང་ཡུན། ཧོ་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་ཁྲེ་ཞང་ཞན། རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་ཆི་ཞའོ་ཆིང་། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྡོ་རྗེ་རིག་འཛིན་སོགས་ཀྱིས་མཉམ་དུ་སྒོ་འབྱེད་དར་ཚོན་བཅད།

ཧོ་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཆི་ཞའོ་ཆིང་གིས། ཧོ་ནན་རྫོང་སོག་བོད་སྨན་ཁང་གི་ཟི་ལིང་སྒོ་བསྟེན་ཁང་དངོས་སུ་སྒོ་ཕྱེ་བ་ནི། རྫོང་ཡོངས་ཀྱི་མི་དམངས་ཀྱི་རེ་བཞག་ཆེ་བའི་དོན་ཆེན་ཞིག་དང་གཏམ་བཟང་ཞིག་རེད་ལ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུའི་རེ་འདུན་བསྐངས་པའི་དོན་བཟང་ཞིག་དང་དོན་དངོས་ཤིག་ཀྱང་རེད། ཀྲུང་ལུགས་སོག་བོད་སྨན་ཁང་གི་བྱེད་ནུས་བཀོད་སྒྲིག་སྔར་ལས་ལྷག་པར་ལེགས་སྒྱུར་བྱས་པ་དང་། མང་ཚོགས་ཀྱི་སྨན་པར་སྟོན་པའི་ཁོར་ཡུག་ལེགས་བཅོས་བྱས་ཤིང་། རང་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ཡོངས་སུ་གསར་པ་གསར་རྐྱང་གི་སྒུལ་ཤུགས་བསྩལ་ཡོད་པས། རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་བཅོས་སྒྱུར་གྱི་གནད་འགག་འཕེལ་འགྱུར་ཞིག་ཡིན་པ་མངོན་པར་མཚོན་ཡོད། ཧོ་ནན་རྫོང་སོག་བོད་སྨན་ཁང་ཟི་ལིང་སྒོ་བསྟེན་ཁང་གིས་སོག་བོད་གསོ་རིག་གི་ཤུགས་རྐྱེན་ནུས་པ་མུ་མཐུད་དུ་རྒྱ་སྐྱེད་པ་དང་། སོག་བོད་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་ཆུ་ཚད་བསྟུད་མར་མཐོར་འདེགས་པ། སོག་བོད་སྨན་བཅོས་རུ་ཁག་འཛུགས་སྐྱོང་ལ་ཟམ་མ་ཆད་པར་ཤུགས་སྣོན་པའི་སྒོ་ནས། མང་ཚོགས་ལ་བདེ་ཐང་གི་ཞབས་ཞུ་སྔར་ལས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱེད་པ་དང་། སྨན་ཁང་ཕུན་སུམ་ཚོགས་པའི་ངང་གོང་འཕེལ་འབྱུང་བ་དང་མང་ཚོགས་ཀྱི་བདེ་ཐང་སྟོན་གྲངས་བསྟུད་མར་མཐོར་འདེགས་པའི་རྣམ་པ་གསར་པ་བསྐྲུན་པའི་རེ་བ་ཡོད་ཅེས་བཤད།

རྒྱུས་ལོན་པ་ལྟར་ན། ཉེ་བའི་འགའི་རིང་ལ། ཧོ་ནན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བདེ་ཐང་ལ་འགན་ལེན་བྱེད་པ་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་པ་དང་། བདེ་ཐང་ཧོ་ནན་འཛུགས་སྐྱོང་ལ་མྱུར་ཏུ་སྐུལ་འདེད་བཏང་བ། གཞི་རིམ་སྟོབས་པ་དང་ཞན་ཆ་གསབ་པ། ནུས་པ་འདེགས་པ། ཞབས་ཞུ་ལེགས་པ་བཅས་ལ་དམིགས་པ། སྨན་ཁང་སྨན་རྫས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་བསྟུད་མར་གཏིང་ཟབ་ཏུ་སྤེལ་བ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་བཙུགས་པ། སྨན་བཅོས་ཞབས་ཞུ་ནུས་པ་མཐོར་བཏེགས་པ། དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱི་བང་རིམ་མང་བ་དང་རྣམ་པ་མང་བའི་བདེ་ཐང་དགོས་མཁོ་མུ་མཐུད་དུ་བསྐངས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྟོབས་ཤུགས་ཡོད་རྒུས་བསྲུངས་ཡོད། ཧོ་ནན་རྫོང་སོག་བོད་སྨན་ཁང་ནི་དམངས་འཚོ་འགན་ལེན་གྱི་གཡུལ་ས་མདུན་མ་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་བོད་ལུགས་སྨན་ཁང་གྲགས་ཅན་དང་ཚན་ཁག་གྲགས་ཅན། སྨན་པ་གྲགས་ཅན། སྨན་རྫས་གྲགས་ཅན་བཅས་གཞི་གཅིག་ལ་འདུས་པའི་གསེར་གྱི་བྱང་བུ་བཞི་ཡོད་ལ། ལོ་མང་པོའི་རིང་ལ། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་ལེན་དང་སྔོན་འགོག་ཞབས་ཞུ། སློབ་ཁྲིད་ཞིབ་འཇུག སྨན་བཟོ་གསར་གཏོད་སོགས་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་ནས། མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་མངོན་འགྱུར་བྱེད་པར་བྱས་རྗེས་རྨད་དུ་བྱུང་བ་བཞག་ཡོད། དེ་བས། ད་ཐེངས་ཟི་ལིང་གྲོང་ཁྱེར་དུ་སྒོ་བསྟེན་སྨན་ཁང་ཕྱེ་བ་དེས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཏེ། བོད་ཀྱི་གསོ་བ་རིག་པ་མུ་མཐུད་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་བསྲུང་བར་སྔར་ལས་ལེགས་པའི་བྱས་རྗེས་འཇོག་པར་མཐུན་རྐྱེན་མི་དམན་པ་བསྐྲུན་ཡོད།

རྨ་ལྷོ་ཁུལ་ནགས་ལས་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་ཞང་དབྱང་དང་། རྨ་ལྷོ་ཁུལ་ཁྲོམ་རའི་ལྟ་རྟོག་དོ་དམ་ཅུའུ་ཡི་རིམ་པ་བཞི་པའི་བརྟག་དཔྱད་པ་ཀུའོ་ལིན། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དབྱང་ཅན་ཅུན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་དབང་ཆེན་ཚེ་བརྟན། ཨར་ཏུའུ་སི་གྲོང་ཁྱེར་དབྱེ་ཅིན་ཧོའོ་ཆི་ཕྱོགས་བསྡུས་སོག་སྨན་ཁང་གི་ཡོན་ཀྲང་ན་མོ་སི་ལའེ། རྨ་ལྷོ་ཁུལ་བོད་སྨན་ཁང་དང་རྩེ་ཁོག་རྫོང་བོད་སྨན་ཁང་། གཙན་ཚ་རྫོང་བོད་སྨན་ཁང་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་འཐུས་མི་སོགས་སྒོ་འབྱེད་མཛད་སྒོར་ཞུགས། །

