ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་འཁོར70ལོན་པར་མཛུབ་སྟོན་གལ་ཆེན་གནང་བ།
发布时间:2024年09月23日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
 
ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ་ལོ་འཁོར70ལོན་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་འཛིན་གྲྭ་བཙུགས་པ་དེ་ནི། ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། ལོ་ངོ70རིང་ལ། ཞིན་ཅང་འཛིན་གྲྭས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་མདུན་སྐྱོད་བྱས་ཏེ། སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་བགྲོད་ལམ་བརྒྱུད་དེ། ཏང་ལ་ལྷག་བསམ་རྣམ་དག་ཡིན་པ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཡོད་པ། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཐུབ་པ། དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་ཁག་གཅིག་གསོ་སྐྱོང་བྱས་ཏེ། ཞིན་ཅང་གི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིན་ཅང་གི་སྤྱི་ཚོགས་བརྟན་བརླིང་དང་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་སྐྱོད་ལམ་གསར་པའི་སྟེང་དུ། ཞིན་ཅང་གི་འཛིན་གྲྭ་བཙུགས་ནས་ལོ་འཁོར70ལོན་པ་འགོ་འཛུགས་ས་གསར་པར་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། ཀྲུང་དབྱང་གི་ཞིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་འཐུས་ཚང་དང་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་པ། “ཏང་ལ་འཇོན་མི་གསོ་སྐྱོང་དང་ཏང་ལ་ཐབས་ཇུས་འདོན་པའི”ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་ལག་ལེན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཞིན་ཅང་གི་ལས་བྱེད་པའི་དཔུང་སྡེ་ཡི་ཁྱད་ཆོས་དང་བྱ་བའི་དགོས་མཁོ་དངོས་ལ་དམ་པོར་དམིགས་པ། རྒྱུན་རྣམ་ཅན་གྱི་གསོ་སྦྱོང་དང་ལྷག་པར་དུ་གཞི་རྩའི་གསོ་སྦྱོང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་རྩ་བ་བརྟན་གཏོང་དང་སྙིང་སྟོབས་གཅིག་སྡུད་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་འཛིན་གྲྭ་གཉེར་བའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཁྱབ་པར་བྱེད་པ་དང་། མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་གཞུང་ལུགས་ཀྱི་གནད་དོན་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་པ། ཞིན་ཅང་གི་འཛིན་གྲྭ་ཡག་པོ་གཉེར་བ་བཅས་བྱས་ནས། ཞིན་ཅང་ལ་སྔར་ལས་སྤུས་ཚད་ལྡན་པ་དང་སྔར་ལས་ཕན་འབྲས་ཐོན་པར་བྱས་ཏེ། ཞིན་ཅང་ལ་ལྷག་བསམ་རྣམ་དག་ཡིན་ཞིང་སྤྱོད་པ་གཙང་ལ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་སྔར་ལས་གང་མང་གསོ་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་མཛུབ་སྟོན་མཐུན་སྦྱོར་དང་ཞིན་ཅང་གི་རྒྱབ་སྐྱོར་དང་གཞོགས་འདེགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པ་བཅས་ཀྱི་བྱ་བའི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་སོ་སོའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཞིན་ཅང་གི་འཛིན་གྲྭ་ཡག་པོ་གཉེར་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་དང་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན།
ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་ལོ་འཁོར70ལོན་པའི་བཞུགས་མོལ་ཚོགས་འདུ་ཟླ9པའི་ཚེས21ཉིན་པེ་ཅིན་དུ་འཚོགས། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སློབ་གཙོ་དང་ཡོན་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཁྲིན་ཞི་ཡིས་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་ཏེ་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་རྒྱུར་དམ་པོར་དམིགས་ཏེ། ཞིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་ལས་དོན་ལ་སྤྱི་འདོམས་ཇུས་འགོད་གང་ལེགས་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཞིན་ཅང་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ཞིན་ཅང་གི་ལས་བྱེད་པའི་ཁྱད་ཆོས་དང་བྱ་བའི་དགོས་མཁོར་དམ་པོར་དམིགས་ཏེ། སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་རང་བཞིན་དང་དམིགས་འབེན་རང་བཞིན་ལ་ཤུགས་སྣོན་པ་དང་གཞི་རྩའི་གསོ་སྦྱོང་ཏན་ཏིག་ངང་སྤེལ་བ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་རྒྱུ་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོར་ཤུགས་སྣོན་པ་བཅས་བྱེད་དགོས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་དང་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཞིན་ཅང་ལ་ལྷག་བསམ་རྣམ་དག་ཡིན་ཞིང་སྤྱོད་གཙང་ཡིན་པ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་སྔར་ལས་གང་མང་གསོ་སྐྱོང་བྱེད་དགོས་ཞེས་བསྟན།
ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ། རྒྱལ་ཁབ་སྲིད་འཛིན་སློབ་གླིང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་བཅས་ཀྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་རྩ་འཛུགས་པའི་འཐུས་མི་དང་སློབ་མའི་འཐུས་མི་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། །

མཁའ་མཚོ་སྐྱིད་ཀྱིས་བསྒྱུར།