གསར་འགྱུར་གལ་ཆེན།
➤ཚེས7ཉིན་གྱི་སྔ་དྲོ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཤིན་ཅང་རྒྱལ་སྤྱིའི་ཚོགས་འགྲེམ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ་རེད།
➤ཟླ10པའི་ཚེས1ཉིན་ནས་ཚེས7ཉིན་བར་སྔོན་དཔག་བྱས་ན། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར20.08ཡོད་པ་དེ་ཉིན་རེར་ཆ་སྙོམས་དུས་མཚུངས་ལས4.1%འཕར་ཡོད་པ་རེད།
➤ཚེས7ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་ཕྱིར་ལོག་འགྲུལ་པ་མང་ཤོས་ཀྱི་དུས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི1986སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།
➤གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བ་དང་པོ་ནས་བརྒྱད་པའི་བར། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི9.94ཡིན་པ་དེ་དུས་མཚུངས་ལས7.7%འཕར་ནས། ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལེགས་པོ་མངོན་ཡོད་པ་རེད།
➤ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ8པའི་ཟླ་མཇུག་བར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར930བཏང་ཡོད་པ་རེད།
➤ད་ལོ་ནས་བཟུང་རང་རྒྱལ་གྱིས་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྨ་ཆུའི་ཀུའུ་ཞན་ཆུ་བེད་ལྟེ་བའི་ལས་གྲྭ་སོགས་ཆུ་བེད་ལས་གྲྭ་གལ་ཆེན་ཁག37གསར་དུ་ལས་མགོ་བརྩམས་པ་རེད།
➤རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དགུ་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར33164ཡིན་པ་དེ་ཟླ་བརྒྱད་པའི་ཟླ་མཇུག་དང་བསྡུར་ན་ཨ་སྒོར་དུང་ཕྱུར282འཕར་ཡོད་པ་རེད།
➤ཚེས6ཉིན་ཀྲུང་གོའི་ཁེ་ལས་ཀྱི་རླངས་འཁོར་རུ་ཁག་ལ་ཕ་ཁི་སི་ཐན་དུ་འཇིགས་སྐུལ་གྱི་འཇབ་རྒོལ་ཕོག་པ་དང་། དོན་རྐྱེན་དེས་ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་ཀྱི་མི་སྣ་ཤི་རྨས་བྱུང་བའི་ནང་ཀྲུང་གོ་ཕྱོགས་ཀྱི་མི2རྐྱེན་ལམ་དུ་ཤོར་བ་དང་མི1ལ་རྨས་སྐྱོན་ཕོག་ཡོད་པ་རེད། རང་རྒྱལ་ཕྱི་འབྲེལ་པུས་ཕ་ཁི་སི་ཐན་ཕྱོགས་ལ་འཕྲལ་མར་ཞིབ་བཤེར་བྱེད་པ་དང་ལག་དམར་འཛིན་བཟུང་བྱས་ནས་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
➤ཚེས7ཉིན་སུའེ་ཏེན་གྱི་ཁ་ལུའོ་ལིན་སི་ཁ་གསོ་རིག་སློབ་གླིང་གིས2024ལོའི་ནོ་པེར་སྐྱེ་ཁམས་རིག་པའམ་ཡང་ན་གསོ་རིག་གི་བྱ་དགའ་དེ་ཝེ་ཁེ་ཏུའོ•ཨན་པུའུ་ལུའོ་དང་ཅ་ལི•ལུའུ་ཕུའུ་ཁུན་ལ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ཚོགས།
➤ཚེས8ནས10ཉིན་བར། གྲང་རླུང་གསར་པའི་ཤུགས་རྐྱེན་གྱི་དབང་གིས་ནུབ་བྱང་ས་ཁུལ་དང་ཧྭ་བྱང་ས་ཁུལ། བྱང་ཤར་ས་ཁུལ་སོགས་ཀྱི་གནམ་གཤིས་དྲོད་ཚད3℃ནས6℃བར་མར་ཆག་རྒྱུ་ཡིན་པ་རེད།
➤གྲངས་གཞི་ལས་མངོན་པ་ལྟར་ན། རྒྱལ་སྟོན་གུང་གསེང་རིང་པེ་ཅིང་གི་གཙོ་གནད་ཚོང་དོན་ཁུལ60ཡི་འགྲུལ་པ་མི་ཐེངས་ཁྲི4573ཡིན་པ་དེ་དུས་མཚུངས་ལས19.7%འཕར་ཡོད་པ་རེད།
➤ཚེས7ཉིན་གྱི་ཆུ་ཚོད18བར། 2024ལོའི་རྒྱལ་སྟོན་དུས་ཆེན་གྱི་གློག་བརྙན་གྱི་སྤ་སེ་བཙོངས་པའི་དངུལ་གྲངས་སྡོམ་འབོར་སྒོར་དུང་ཕྱུར20.72ཡིན་པ་རེད།
➤ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་ཐང་དབྱི་ཅུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།
➤ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཏོའུ་ཝན་ཀུའེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།
➤ནང་སོག་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རིན་གཞོན་པ་ཏུའུ་ཙི་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་འབུད་བྱས་པ་རེད།
➤ཀུའེ་ཀྲོའུ་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་གཞོན་པ་ཀྲང་ཕིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།
➤ཚེས7ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཀྲའོ་ཝ300རིམ་པའིFརིམ་པའི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་ཆེ་གྲས་ཧྲང་ཧའེ་རུ་མེ་སྦར་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད།
➤ཧྲན་ཞི་ཞི་རྫོང(山西隰县)གི་ཞའོ་ཞི་ཐེན་མཛེས་ལྗོངས་ཁུལ་དུ་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཁྱབ་བསྒྲགས་བྱས་ནས་ད་ལོའི་ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་ལ་སླེབས་པའི་ཡུལ་སྐོར་བས་ལོ་མཇུག་སྔོན་ལ་སྤ་སེ་ཉོས་པའི་དཔང་འཛིན་གཞིར་བཟུང་རིན་མི་དགོས་པར་སླར་ཡང་སྤྲོ་གསེང་ལྟ་སྐོར་བྱེད་ཆོག་གི་ཡོད་པ་རེད།
➤ཝོ་ཡི་ཧྲན་རྒྱལ་ཁབ་སྤྱི་གླིང་དུ་སྒལ་ཚིགས་སྲོག་ཆགས་གསར་པ་སྟེ་ཧོང་ཀང་རི་བོའི་ཆུ་རྩངས(黄岗山蝾螈)ཤེས་རྟོགས་བྱུང་བ་རེད།
སྲིད་ཇུས།
➤ཀོང་ཏུང་གིས་ཡིག་ཆ་བཀྲམ་ནས2025ལོར་སླེབས་སྐབས་རྒྱུན་སྡོད་མི་འབོར་ཁྲི5ལས་བརྒལ་བའི་རྫོང(གྲོང་ཁྱེར)དུ་ཉུང་མཐར་ཡང་རྫོང་རིམ་པའི་སྨན་ཁང(ཀྲུང་ལུགས་གསོ་རིག་སྨན་ཁང་ཚུད་པ)གཅིག་རིམ་པ་གཉིས་པའི་ཀ་པ་རིམ་པའི་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་ནུས་པ་ལོན་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
➤ཧྲན་ཏུང་གིས་ཡིག་ཆ་བཀྲམ་ནས་ཚན་ཞིབ་མི་སྣ་ལས་གནས་ནས་བྲལ་ཏེ་ཁེ་ལས་གཉེར་རིགས་ལོ3ནང་དེ་དང་དེ་སྔའི་སྡེ་ཚན་དབར་གྱི་མི་དོན་འབྲེལ་བ་སོར་འཇོག་བྱ་རྒྱུ་དང་དུས་ཚོད་ལོངས་རྗེས་ཐེངས་གཅིག་སྣུར་སྲིང་བྱ་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་། སྣུར་སྲིང་གི་དུས་བཀག་ལོ་གསུམ་ལས་བརྒལ་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།
➤ཧོ་ནན་གྱིས་ཡིག་ཆ་བཀྲམ་ནས་གཏན་འཇགས་ཀྱི་གཉེར་སྐྱོང་བྱ་ཡུལ་མེད་པའི་ཚོང་དུད་ཀྱིས་ཁྱིམ་ཚང་གནས་ཡུལ་དེ་གཉེར་སྐྱོང་བྱ་ཡུལ་དུ་བརྩིས་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་དུ་ཐོ་འགོད་བྱས་ཏེ་སྐོར་སྐྱོད་གཉེར་སྐྱོང་བྱས་ཆོག་པའི་ཆོག་མཆན་སྤྲད་པ་རེད།
དེ་རིང་གི་གནམ་གཤིས།
➤ཤིན་ཅང་དབྱི་ལི་ལུང་གཞུང་དང་བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་དབུས་བྱང་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད། ཀོང་ཏུང་གི་ཤར་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ་ཡིན་ལ། དེའི་ནང་སི་ཁྲོན་ལྷོ་ནུབ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་ཡོད་པ་དང་། ས་ཆ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།