རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་གྱི་མི་གྲངས་ལྡབ་གཅིག་འཕར་ནས་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མར་རྒྱལ་ཁབ་ཀྱི་བྱ་དགའི་ཚད་གཞི་སྒོར་ཁྲི1བར་མཐོ་རུ་བཏང་ཡོད་པར་བསྟན་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ10པའི་ཚེས12ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ནོར་སྲིད་པུའི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཏེ། རྗེས་མར་ནོར་སྲིད་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕུལ་བྱུང་ལ་བྱ་དགའ་དང་དཀའ་སེལ་རོགས་སྐྱོར་གྱི་ཕྱོགས་གཉིས་ཐད་ནས། གོམ་སྟབས་གཉིས་སུ་བགོས་ཏེ་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པར་བསྟན་ཡོད།
ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཐིན་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སློབ་གྲྭ་དང་སྤྱི་ཚོགས་ཀྱིས་ཕྱོགས་ཡོངས་ལ་ཧུར་ཐག་གིས་ཞུགས་པའི་རོགས་སྐྱོར་མ་ལག་བཙུགས་ཡོད་པ་དེའི་ནང་གཙོ་བོ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན། སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་བ། འཚོ་བའི་ཁ་གསབ། སློབ་ཞོར་ལས་སྒྲུབ་རོགས་སྐྱོར་བྱེད་པ་སོགས་ཀྱི་སྲིད་ཇུས་ཚུད་ཡོད། 2023ལོར་རྒྱལ་ཡོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར932བཏང་སྟེ། མཐོ་སློབ་ཀྱི་སློབ་མ་མི་ཐེངས་ཁྲི3100ལྷག་ལ་རོགས་སྐྱོར་བྱས་ཡོད་པ་དང་། ནོར་སྲིད་ཀྱིས་སྐྱེད་ཀ་སྤྲོད་པ་སོགས་ཀྱི་སྲིད་ཇུས་བརྒྱུད་དངུལ་ཁང་གིས་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྒོར་དུང་ཕྱུར700གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། རྗེས་མར་ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕུལ་བྱུང་ལ་བྱ་དགའ་སྤྲོད་པ་དང་དཀའ་སེལ་རོགས་སྐྱོར་བྱེད་པའི་ཕྱོགས་གཉིས་ནས་གོམ་སྟབས་གཉིས་སུ་བགོས་ཏེ་མཐོ་སློབ་སློབ་མའི་རོགས་དངུལ་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་སྟེ།
གོམ་སྟབས་དང་པོ་ནི2024ལོར་གཤམ་གསལ་གྱི་སྲིད་ཇུས་དང་བྱ་ཐབས་འདོན་རྒྱུ་ཡིན་པ་སྟེ།
གཅིག་ནི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་བྱ་དགའི་མི་གྲངས་ལྡབ་འཕར་བྱེད་པ་སྟེ། དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་མི་གྲངས་དེ་ལོ་རེར་ཁྲི6ནས་ཁྲི12ལ་སྤར་བ་དང་། རབ་འབྱམས་པའི་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་མི་གྲངས་དེ་ལོ་རེར་ཁྲི3.5ནས་ཁྲི7ལ་སྤར་བ། འབུམ་རམས་པའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་མི་གྲངས་དེ་ལོ་རེར་ཁྲི1ནས་ཁྲི2ལ་སྤར་རྒྱུ་རེད།
གཉིས་ནི་དངོས་གཞིའི་ཚན་ཁག་དང་ཆེད་ཚན་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་བྱ་དགའི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དངོས་གཞིའི་ཚན་ཁག་དང་ཆེད་ཚན་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་བྱ་དགའི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར8000ནས་སྒོར་ཁྲི1བར་མཐོ་རུ་གཏོང་རྒྱུ་དང་། དངོས་གཞིའི་ཚན་ཁག་དང་ཆེད་ཚན་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་སྐུལ་ལྕག་གི་བྱ་དགའི་དངུལ་གྱི་བྱ་དགའི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར5000ནས་སྒོར6000བར་མཐོ་རུ་གཏོང་རྒྱུ་རེད།
གསུམ་ནི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། 2024ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་ཆ་སྙོམས་རོགས་དངུལ་གྱི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར3300ནས་སྒོར3700བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
བཞི་ནི་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་པ་སྟེ། མ་དངུལ་གཏོང་ཚད་མཐོ་རུ་གཏོང་བ་དང་། དངོས་ཚན་དང་ཆེད་ཚན་སློབ་མའི་དངུལ་བུན་གཏོང་ཚད་མཐོ་ཤོས་དེ་སློབ་མ་རེར་ལོ་རེར་སྒོར་ཁྲི1.6ཡིན་པ་ནས་སྒོར་ཁྲི2བར་ཇེ་མང་དུ་གཏོང་རྒྱུ་དང་། ཞིབ་འཇུག་སློབ་མར་སྒོར་ཁྲི2ནས་སྒོར་ཁྲི2.5བར་ཇེ་མང་དུ་གཏོང་རྒྱུ་རེད། སྐྱེད་ཀ་དམའ་རུ་གཏོང་རྒྱུ་དེ་དུས་མཉམ་དང་རིམ་པ་གཅིག་མཚུངས་ཀྱི་དངུལ་བུན་ཁྲོམ་རའི་རིན་གོང་ཁྱབ་བསྒྲགས་སྐྱེད་ཚད་གཞིར་བཟུང་གཞི་གནས་70ཉུང་དུ་གཏོང་རྒྱུ་ཡིན་པ་རེད།
གོམ་སྟབས་གཉིས་པ་ནི2025ལོར་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་བྱ་དགའི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། དུས་མཚུངས་སུ་མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གྱི་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ་མ་ཟད་རོགས་དངུལ་སྤྲོད་ཁྱོན་ཡང་ཆེ་རུ་གཏོང་རྒྱུ་ཡིན། རྗེས་མར་ནོར་སྲིད་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འབྲེལ་ཡོད་སྲིད་ཇུས་གང་མགྱོགས་སྒོས་འདོན་རྒྱུ་དང་འབྲེལ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། མ་དངུལ་དུས་ཐོག་ཏུ་སློབ་མའི་ལག་ཏུ་སྤྲོད་རྒྱུར་འགན་ལེན་བྱས་ནས་སྲིད་ཇུས་སྔ་མོ་ནས་དོན་འཁྱོལ་དང་སློབ་མར་སྔ་མོ་ནས་ཕན་ཁེ་བསྐྲུན་བྱ་རྒྱུ་རེད།།