གསར་འགྱུར་གལ་ཆེན།
➤ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ཁ་ཧྲན་ལ་ཕེབས་པ་དང་། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིན་གྱི་གདན་ཞུ་ལྟར། འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པར་ཞུགས།
➤ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་གྱི་ཁི་ལི་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་ཐུག་འཕྲད་གནང་།
➤ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས22ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་ནས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལོན་ལ་མཇལ་འཕྲད་གནང་།
➤ཟླ10པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིང་ཆང་ལ་གློག་འཕྲིན་བཏང་ནས། ཁོང་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས།
➤ཞིང་ལས་གནས་ཚུལ་གྱི་བཀོད་གཏོང་གསར་པ་ལས་མངོན་པར་གཞིགས་ན། མིག་སྔར། རྒྱལ་ཡོངས་ཀྱི་སྟོན་བསྡུ་བཅུ་ཆའི་བརྒྱད་ཟིན་པ་དང་། འབྲུ་རིགས་ཉོ་སྒྲུབ་ཀྱང་དུས་མཉམ་དུ་སྤེལ་བཞིན་ཡོད།
➤རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གནས་ཚུལ་ལ་གཞིགས་ན། མིག་སྔའི་བར་དུ། འཕར་ཚད་ཕྱེད་ཀ་ཙམ་གྱི་སྲིད་ཇུས་ལག་བསྟར་བྱས་ཟིན་པ་དང་། ལྷག་མའི་འཕར་ཚད་ཀྱི་སྲིད་ཇུས་ཀྱང་མགྱོགས་མྱུར་ངང་དངོས་སུ་འདོན་རྒྱུ་རེད།
➤ད་ལོའི་ཟླ1པོ་ནས་ཟླ9པའི་བར། རྒྱལ་ཡོངས་ཀྱི་རིམ་པ་ཁག་གི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྒོར་དུང་ཕྱུར160.6བཏང་ཡོད།
➤རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གནས་ཚུལ་ལྟར་ན། ཉེ་དུས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་འཇོག་པའི་མངའ་ཁོངས་ནང་གི་མ་རྐང་འཛིན་ཤོག་གི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། མིག་སྔར་ཕྱི་རྒྱལ་གྱི་མ་དངུལ་གྱིས་རྒྱལ་ནང་གི་རྐང་དངུལ་འཛིན་ལོར་གྱི་ཚོང་ར་དང་བུ་ལོན་གྱི་ཚོང་རའི་བསྡུར་ཚད་བརྒྱ་ཆ3ནས4ཡས་མས་ཟིན་ཡོད།
➤ཚེས22ཉིན། ཧྲེན་ཀྲུའུ་ཨང་རྟགས་བཅུ་དགུ་པའི་མི་སྡོད་འཕུར་གྲུ་དང་རྒྱང་སྐྱོད་ཨང་གཉིས་པའི་མེ་ཤུགས་འཕུར་མདའི་མཉམ་སྒྲིག་ཕུང་པོ་དེ་འཕེན་གཏོང་ཁུལ་དུ་བསྐྱལ་བ་དང་། འཆར་གཞིར་ལྟར་ན་ཉེ་དུས་གནས་ཚུལ་ལ་གཞིགས་ནས་འཕེན་གཏོང་བྱེད་རྒྱུ་རེད།
➤ཚེས22ཉིན། རང་རྒྱལ་གྱིས་ཐའེ་ཡོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཐེན་ཕིང་འཁོར་སྐར་ཨང་གསུམ་པ་མཁའ་དབྱིངས་སུ་བཏང་བ་རེད།
སྤྱི་ཚོགས།
➤ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཉེན་བརྡ་བཏང་ནས། ཚེས22ཉིན་གྱི་ཆུ་ཚོད20ནས་ཚེས23ཉིན་གྱི་དུས་ཚོད20བར་དུ། གྲང་རླུང་དང་རླུང་འཚུབ་ཐན་མེ་ཡི་ཐུན་མོང་གི་ཤུགས་རྐྱེན་ཐེབས་ནས། ཐའེ་ཝན་མཚོ་འགག་དང་པ་ཧྲི་མཚོ་འགག་བཅས་ཀྱི་མཚོ་ཁོངས་ཁ་ཤས་ཀྱི་རླུང་ཤུགས་རིམ་པ10ལ་སླེབས་རྒྱུ་དང་། ལྷགས་པ་རིམ་པ11ནས12ལྡང་རྒྱུ་རེད།
➤ད་ལོའི་སྔོན་གྱི་དུས་ཚིགས་གསུམ་པོར། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ339དང་དེའི་ཡན་གྱི་གྲོང་ཁྱེར་གྱི་ཆ་སྙོམས་མཁའ་རླུང་སྤུས་ཚད་ཀྱི་ཉིན་གྲངས་བསྡུར་ཚད་བརྒྱ་ཆ85.8ཟིན་པ་དང་། དུས་མཚུངས་ལས1.6% འཕར་ཡོད།
➤ཚེས22ཉིན། རང་རྒྱལ་གྱི་ཐོག་མའི་རྒྱལ་ཁབ་ཐོན་རྫས་སྤོ་འགུལ་བཀོལ་སྤྱོད་མ་ལག་སྟེ། ཧྭ་ཝེའི་ཧུང་མིན་བཀོལ་སྤྱོད་མ་ལག་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
➤ཁྲིམས་འཛིན་པུའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མིའམ་དང་པུ་ཀྲང་གཞོན་པ་ལིའུ་ཀྲི་ཆང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ནང་ནས་ཕྱིར་འབུད་བྱས།
➤པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཧྲི་ཀྲང་གཞོན་པ་ཀུའོ་ཕིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས།
➤ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཧུའུ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཁོངས་མིའམ་དང་ཀྲུའུ་རིན་གཞོན་པ་ཕེང་གོ་ཕུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་གཞུང་གཏུག་བྱས།
➤འཛམ་གླིང་གི་བྱ་སྒྲོ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཟའ་འཁོར་འདིའི་བྱ་སྒྲོ་སྤོ་ལོའི་རྣམ་གྲངས་ལྔ་ཡི་འཛམ་གླིང་གི་ཨང་རིམ་གསར་བ་བཏང་བ་དང་། རང་རྒྱལ་གྱི་བྱ་སྒྲོ་སྤོ་ལོ་རྣམ་གྲངས་བཞི་ཡི་འཛམ་གླིང་གི་ཨང་དང་པོ་ཡིན་པ་དང་། ལིའུ་ཧྲེན་ཧྲུའུ་དང་ཐན་ཉིང་གིས་ཐེངས་དང་པོར་བུད་མེད་འཛམ་གླིང་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཡོད།
➤སྔོན་གྱི་དུས་ཚིགས་གསུམ་པོར། ཧྲེན་ཀྲེན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི3.37ཟིན་པ་དང་། དུས་མཚུངས་ལས20.9%འཕར་ཡོད། ཕྱིར་གཏོང་ནང་འདྲེན་གཞི་ཁྱོན་རྒྱལ་ཡོངས་ཀྱི་ནང་ལོག་གི་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ཡོད།
➤ཚེས22ཉིན། འཛུགས་སྐྲུན་བྱེད་བཞིན་པའི་འཛམ་གླིང་གི་ཆེས་རིང་བའི་མཚོ་འོག་ལྕགས་ལམ་གྱི་ཕུག་ལམ་སྟེ། ཡུང་ཀྲིའུ་ལྕགས་ལམ་གྱི་ཅིན་ཐང་མཚོ་གཏིང་གི་ཕུག་ལམ་དེ་སྐམ་སའི་ས་ཁོངས་ཀྱི་ཨར་ལས་ནས་མཚོ་ཁོངས་ཨར་ལས་སུ་སྒྱུར་བའི་དུས་རིམ་ལ་སླེབས།
➤ཉེ་ཆར། ཀྲེ་ཅང་ཧང་ཀྲིག་གི་དང་བླངས་པ་ལིའུ་ཀོང་ཅོན་གྱིས་དུས་ཚོད5ལྷག་གི་རིང་ལ་འཚོལ་སྡུད་བྱས་པ་བརྒྱུད་ཧའོ་ཧྲེང234ཡི་ཁྲག་བཟོས་ཕྲ་ཕུང་གི་ཁྲག་སྦྱིན་བཏང་ནས། ངོ་ཐུག་མ་མྱོང་བའི་ནད་པར་ཚེ་སྲོག་གི་རེ་བ་བྱིན།
སྲིད་ཇུས།
➤ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས་རིམ་རྩེག་མང་བའི་སྡོད་ཁང་ལ་གློག་སྐས་སྒྲིག་སྦྱོར་བྱེད་པ་དང་། སྲིད་གཞུང་གིས་ཨར་ལས་དངུལ་གྲངས་ཀྱི40%ལྟར་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་ཆེས་མཐོ་ན་སྒོར་ཁྲི28ལས་བརྒལ་མི་རུང་།
➤ཁྲུང་ཆིང་གིས་བརྡ་ཐོ་བཏང་ནས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པའི་ཁུངས་སྣེ་རིགས12མཁོ་འདོན་བྱས་ནས་བརྟག་དཔྱད་བྱས་པ་བརྒྱུད་སྒོར100ནས10000བར་གྱི་བྱ་དགའ་སྤྲོད་རྒྱུ་རེད།
➤ཧྥུ་ཅན་གྱི་དཔར་འགྲེམ་ཇུས་གཞི་ཁ་གསལ་བཟོས་ནས་བྱིས་སྙོར་ཁང་གིས་བརྙན་འཕྲིན་དང་བརྙན་ལེན་འཕྲུལ་ཆས་སོགས་ཀྱི་བེད་སྤྱོད་དུས་ཚོད་ལ་ཚོད་འཛིན་ནན་མོ་བྱེད་དགོས་པ་དང་། རྩ་དོན་ཐོག་ཐེངས་གཅིག་ལ་སྐར་མ་བཅོ་ལྔ་ལས་བརྒལ་མི་རུང་། བྱིས་པའི་ཉིན་རེར་ཕྱི་རོལ་གྱི་བྱེད་སྒོ་ཆུ་ཚོད2ལས་ཉུང་མི་རུང་།
དེ་རིང་གི་གནམ་གཤིས།
➤བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་། ཞིན་ཅང་གི་ཨ་ལི་ཐའེ་རི་ཁུལ། མཚོ་སྔོན་གྱི་ནུབ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་ལིའོ་ཉིན་གྱི་ཤར་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད།