ཀྲུང་དབྱང་ཞིང་སྡེའི་བྱ་བའི་ཚོགས་འདུ་པེ་ཅིན་དུ་བསྡུས་པ་དང་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་བ།
发布时间:2024年12月20日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཀྲུང་དབྱང་གི་ཞིང་སྡེའི་བྱ་བའི་ཚོགས་འདུ་ཚེས17ཉིན་ནས་ཚེས18ཉིན་པེ་ཅིན་དུ་བསྡུས་ཤིང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “ཞིང་གསུམ”བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ། མིག་སྔའི“ཞིང་གསུམ”བྱ་བར་འཕྲད་པའི་གནས་བབ་དང་འགྲན་སློང་ལ་དབྱེ་ཞིབ་བཅས་བྱས་པ་དང་། 2025ལོའི“ཞིང་གསུམ”བྱ་བར་བཀོད་སྒྲིག་བྱས།

ཏང་ཀྲུང་དབྱང་གིས་ཐེངས་འདིའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད། ཚོགས་འདུ་མ་འཚོགས་གོང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུས་ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དང“ཞིང་གསུམ”བྱ་བ་ཡག་པོར་བསྒྲུབ་པར་བླང་བྱ་གསལ་བོ་བཏོན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ཡག་པོར་བསྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས2024ལོར། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བྱུང་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད། 2025ལོའི“ཞིང་གསུམ”བྱ་བ་ཡག་པོར་བསྒྲུབ་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཞིང་སྡེའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཞིང་དར་ཞིང་ཕན་ཞིང་ཕྱུག་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྨོ་ཞིང་གི་དམར་ཐིག་ནན་མོར་སྲུང་བ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་ངང་སྐུལ་འདེད་གཏོང་བ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་འབབ་བརྟན་པོ་དང་འདོན་སྤྲོད་ལ་འགན་སྲུང་བྱ་རྒྱུར་ཁག་ཐེག་བྱེད་དགོས། ཧུར་ཐག་གིས་གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་བ། རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་དུ་མི་འཇུག་པའི་ཚད་མཐའ་མཐའ་གཅིག་ཏུ་སྲུང་དགོས། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོང་གསེབ་ཀྱི་རིག་གནས་དར་སྤེལ་གཏོང་བ། སྲོལ་བརྗེ་ལུགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གནས་སྡོད་དང་ལས་གཉེར་ལ་འཚམ་པའི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པའི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཇེ་བརྟན་དུ་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་པ་མང་ཚོགས་ཀྱི་བརྩོན་སེམས་ལེགས་པར་བསྐྱེད་པ། དངོས་སྒྲུབ་དངོས་གཉེར་དང་སྙིང་རུས་གཏན་འཁྱོངས་བྱེད་པ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་དང་། ཞིང་སྡེ་ས་ཁུལ་སྔར་ལས་དར་རྒྱས་གཏོང་བ། ཞིང་པའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་བཅས་ལ་སྐུལ་འདེད་བཏང་ནས། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་སྡེའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》ལ་གྲོས་བསྡུར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གནང་ནས། ད་ལོའི“ཞིང་གསུམ”བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། 2025ལོའི“ཞིང་གསུམ”བྱ་བ་ཡག་པོར་བསྒྲུབ་པའི་ཐད་བླང་བྱ་གསལ་པོ་བཏོན་ཡོད་ལ། ཚན་རིག་དང་མཐུན་པའི་སྒོ་ནས“ཞིང་གསུམ”བྱ་བ་དེ་འཐབ་ཇུས་ཐོག་ནས་བཀོད་སྒྲིག་བྱེད་པ་དང་འགག་རྩར་གཞི་ཚུགས་རྒྱུར་ཁྲིད་སྟོན་གནང་བས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི “ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཀྱིས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེ་བྲག་གི་བྱ་སྤྱོད་དང་བྱེད་ཐབས་སུ་བསྒྱུར་དགོས།

གྲོས་ཚོགས་ལས“ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་དམིགས་ཏེ།  སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་དོན་དངོས་གལ་ཆེན་སྐོར་ཞིག་ཡག་པོར་སྒྲུབ་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་སྡེའི་གསོན་ཤུགས་འཕེལ་བར་བྱེད་པ། ཞིང་པའི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་གི་ལས་འགན་ལྕི་མོ་བློ་ཐག་ཆོད་པོས་འཁུར་བ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་འདོན་སྤྲོད་ཀྱི་འགན་སྲུང་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ། འབྲུ་རིགས་འདེབས་རྒྱ་བརྟན་པོ་ཡོང་བར་བྱེད་པ། འབྲུ་རིགས་དང་བཟའ་སྣུམ་སྐྱེ་དངོས་ཀྱི་ཐོན་ཚད་གཞི་ཁྱོན་ཆེན་པོས་མཐོ་རུ་གཏོང་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་འབྲུ་རིགས་ཐོན་འབབ་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཀ་མཐོར་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་བདག་བཟུང་དང་ཁ་གསབ་དོ་མཉམ་ལ་དོ་དམ་ནན་མོ་བྱེད་པ། རྨོ་ཞིང་འདེབས་འཛུགས་ཀྱི་སྤྱོད་སྒོར་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་འཛུགས་པ། ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་བཟོ་སྐྲུན་གྱི་སྤུས་ཚད་དང་མ་དངུལ་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ་དམ་འཛིན་ལེགས་པོ་བཅས་བྱ་དགོས། ཞིང་ལས་ཚན་རྩལ་སྟོབས་ཤུགས་ཀྱི་མཐུན་སྦྱོར་མཁྲེགས་གཏོར་ལ་སྐུལ་འདེད་དང་། མགྱོགས་མྱུར་སྒོས་ཚན་རྩལ་གྲུབ་འབྲས་གཞི་ཁྱོན་ཆེན་པོས་ཁྱབ་གདལ་དང་བེད་སྤྱོད་བྱེད་པ། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་འོག་གི་འབྲུ་རིགས་ཐོན་སྐྱེད་དང་ཕྱིར་ཚོང་ས་ཁུལ་གྱི་ཞིང་ཆེན་བར་འཕྲེད་ཕྱོགས་ཁེ་ཕན་གྱི་ཁ་གསབ་ལག་བསྟར་བྱེད་མགོ་རྩོམ་དགོས། ཞིང་ལས་ཐོན་རྫས་ཉོ་འཚོང་དང་ཐོན་སྐྱེད་མཐུན་སྦྱོར་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། སྣ་མང་ཅན་གྱི་ཟས་རིགས་འདོན་སྤྲོད་མ་ལག་འཛུགས་པ་དང་། ཕྱུགས་ལས་བརྟན་འཇགས་ངང་གོང་དུ་འཕེལ་བར་རོགས་སྐྱོར་བྱས་ཏེ། འབྲུ་རིགས་དང་ཟས་རིགས་གྲོན་ཆུང་གི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་བྱ་བ་སྣ་ཚོགས་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་དམ་འཛིན་ཡག་པོ་བྱེད་པ་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ཕན་ནུས་མཐོ་རུ་གཏོང་བ། ཞིང་སྡེའི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་རྐྱེན་སྲོལ་དང་ཡོང་འབབ་དམའ་བའི་མི་གྲངས། འཕེལ་རྒྱས་ཞན་པའི་ས་ཁུལ་བཅས་ལ་རིམ་པ་དབྱེ་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་སྤྱི་འདོམས་བྱས་ཏེ་འཛུགས་དགོས། གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། “ཡུལ་ཐོན་ཁྱད་རྫས”ཀྱི་བྱ་བ་ཡག་པོར་སྒྲུབ་ནས། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས་ལ། ཞིང་འབྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས། གྲོང་གསེབ་འཆར་འགོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་གྲངས་འགྱུར་ལྡོག་གི་འཕེལ་ཕྱོགས་དང་བསྟུན་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་རྣམ་པ་གསར་པའི་མཁར་གྲོང་ཅན་ལ་ཟུང་འབྲེལ་དམ་པོ་བྱེད་པར་སྐུལ་འདེད་བཏང་སྟེ། རྫོང་ཁོངས་ཀྱི་མཁར་གྲོང་འཆར་འགོད་བཀོད་སྒྲིག་ལ་གཅིག་འདོམས་བྱེད་པ་དང་། རྨང་གཞིའི་སྒྲིག་ཆས་ཞིང་སྡེ་རུ་མཆེད་པར་སྐུལ་འདེད་གཏོང་བ། ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་འཛུགས་སྐྲུན་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་སྒོས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་བྱེད་དགོས། དཔལ་ཡོན་ལྡན་པའི་ཡུལ་སྲོལ་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱེད་པ་དང་།   དུས་རབས་གསར་པའི་ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཧུར་ཐག་གིས་སྲོལ་བརྗེ་ལུགས་སྒྱུར་གྱི་བྱ་བ་སྤེལ་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། ཞིང་སྡེའི་འགལ་བ་དང་རྩོད་གཞི་གྲལ་བཤེར་བྱས་ཏེ་སེལ་བ་དང་། ཞིང་སྡེ་བརྟན་བརླིང་དང་ལྷིང་འཇགས་ཡོང་བར་སྲུང་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་ཞིང་སྡེའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚོད་ཐོན་རྗེས་སླར་ཡང་ལོ་སུམ་ཅུར་ཇེ་རིང་དུ་གཏོང་བའི་ཚོད་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། བེད་མེད་དུ་བསྐྱུར་བའི་ཞིང་པའི་ཁང་པ་བོགས་མར་གཏོང་བ་དང་། མ་རྐང་ནང་ཞུགས་པ། མཉམ་ལས་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་བེད་སྤྱོད་ནུས་ལྡན་བྱེད་པའི་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱེད་པ། གྲོང་གསེབ་དར་སྤེལ་གྱི་བསྡུ་དངུལ་རྐྱེན་སྲོལ་གསར་གཏོད་བྱེད་པ་བཅས་བྱས་ནས། གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དེ། ཞིང་སྡེའི་དོན་དངོས་ནས་མགོ་རྩོམ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་པའི་འདོད་བློར་བརྩི་འཇོག་བྱེད་པ། ཞིང་པའི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། བྱ་བ་སྒྲུབ་སྟངས་ཇེ་ལེགས་སུ་གཏོང་བ། ས་གནས་སོ་སོས་ལག་ལེན་འཚོལ་ཞིབ་དང་བཅོས་སྒྱུར་གསར་གཏོད་བྱ་རྒྱུར་སྐུལ་ལྕག་བྱེད་པ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་ཞེས་ནན་གྱིས་བསྟན། 

རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་པོ་ཝུའུ་ཀྲིན་ལུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་གནང་།

ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ཐད་གཏོགས་གྲོང་ཁྱེར་སོ་སོ་དང་འཆར་འགོད་ཟུར་བཀོད་གྲོང་ཁྱེར། ཞིན་ཅིང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། འབྲེལ་ཡོད་དངུལ་རྩའི་ལས་ཁུངས་དང་ཁེ་ལས། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་པ་རེད། །