འདོད་པའི་ཁེ་སྤོགས། སྐྱིད་པའི་རྒྱམ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“ད་ལོར་རྒྱམ་ཆེན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ཡོང་སྒོ་སྒོར་ཁྲི75བླངས་པ་དང་། ཐེངས་དང་པོར་ཁྱིམ་ཚང་རེར་ཁེ་སྤོགས་སྒོར1500རེ་བགོས། འདི་ནི་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱིས་ཁྱིམ་ཚང477གྱི་སྡེ་མིའི་སྣེ་ཁྲིད་དེ་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་ལ། སྡེ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཀྱང་རེད།”ཟླ12པའི་ཚེས10ཉིན་ནི་ཆེས་སྤྱིར་བཏང་གི་ཉིན་མོ་ཞིག་ཡིན་མོད། འོན་ཀྱང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་འབྲི་ཆུ་ཞང་རྒྱམ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་མཉམ་ལས་ཁང་གི་ལས་སྣེ་བླ་ཤུལ་ཚེ་སྐྱབས་ལ་མཚོན་ན་དམིགས་བསལ་གྱི་ཉིན་མོ་ཞིག་རེད།
ཆེ་རྒྱུ་མེད་པའི་སྡེ་བའི་དམངས་ཕན་ཞབས་ཞུ་ལྟེ་གནས་ནང་དུ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་དང་སྡེ་མི་རྣམས་གྲལ་གཅིག་ཏུ་འཛོམས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་དུ་བདེན་དཔང་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་རོལ་བྱེད་བཞིན་ཡོད། ཐེངས་དང་པོར་ཁེ་སྤོགས་ཐོབ་པའི་སྡེ་མི་རྣམས་ཀྱི་གདོང་ལ་འཛུམ་རྒྱ་གྲོལ། “སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཀྱི་སྣེ་ཁྲིད་འོག སྡེ་བའི་ནང་དུ་དང་ཐོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐབས་ཚང་མའི་སེམས་སུ་དོགས་པ་ཡོད། ད་ལྟ། ཁེ་སྤོགས་ཀྱི་སྒོར་མོ་ལག་ཏུ་ཐོབ་པས་ཚང་མའི་སེམས་བདེ་རུ་བབས་ཡོད་པར་མ་ཟད། མ་འོངས་པར་རེ་བ་ཆེན་པོ་བཟུང་ཡོད”ཅེས་སྡེ་མི་བློ་ཚེས་དགའ་སྤྲོའི་ངང་དེ་ལྟར་བཤད།

“ལོ་འགའི་སྔོན་ལ། ངས་སྡེ་བའི་ནང་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཡོད་པ་ཤེས་མོད། འོན་ཀྱང་ངེད་ཚང་ལ་ནོར་ལུག་མང་པོ་མེད་པ་དང་། དེའི་ཁར་ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་མེད་ལ། དེའི་ནང་དུ་ཞུགས་ན་ཕན་ཐོགས་མིན་མ་ཤེས་པར་ངེད་ཚང་གི་ཕྱུགས་ཟོག་ལེགས་པོར་གསོ་ཐུབ་མིན་ལ་ནམ་ཡང་སེམས་ཁུར་བྱས་པ་ཡིན། སྡེ་བའི་ལས་བྱེད་པས་སེམས་བཟང་པོ་དང་བློ་ཞིབ་མོས་སེམས་གཏམ་གླེང་ཞིང་རྒྱལ་ཁབ་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པའི་བཀའ་དྲིན་གྱིས་ང་ཡང་སེམས་བདེ་ལ་བབས་ནས་མཉམ་ལས་ཁང་དུ་ཞུགས། ད་ལོར་ཁྱིམ་ཚང་རེ་རེར་ཁེ་སྤོགས་ཐོབ། ཏང་གི་རྗེས་འབྲངས་ན་ནོར་མི་སྲིད”ཅེས་སྡེ་མི་ཚེ་རིང་ཕུན་ཚོགས་ཀྱིས་དེ་ལྟར་བཤད།
ལོ་ངོ་གསུམ་ལྷག་ལ་འཕེལ་རྒྱས་བྱུང་བ་བརྒྱུད། རྒྱམ་ཆེན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཐོག་མའི“ཁྱོན་ཆུང་ཁ་ཐོར”ནས་རིམ་བཞིན“ཁྱོན་ཆེ་གཅིག་བསྡུས”ཀྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཞིང་། ཚད་གཞི་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་བགྲོད་ལམ་ཡངས་པོའི་སྟེང་དུ་གོམ་པ་བརྟན་པོར་སྤོས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཡོད།
དེ་ལས་གཞན། མཉམ་ལས་ཁང་བསྟུད་མར་འཕེལ་ཐུབ་པར་ཁག་ཐེག་བྱེད་ཆེད། ཚད་གཞི་ཅན་གྱི་ཆུ་ཚད་མཐོར་འདེགས་བེད་སྤྱོད་བྱས་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡི་མཛུབ་སྟོན་འོག་ཏུ། མཉམ་ལས་ཁང་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་བཙུགས་ཏེ། ནོར་སྲིད་དང་ཁེ་སྤོགས་བགོ་བའི་ལམ་ལུགས་ནན་མོ་གཏན་འབེབས་བྱས་པ་དང་། དམངས་གཙོ་དོ་དམ་ལག་བསྟར་བྱས་ནས། མ་དངུལ་མངོན་གསལ་དང་སྤྱི་བསྒྲགས། དྲང་གཞག་ཡོང་བར་ཁག་ཐེག་བྱས། དུས་མཚུངས་སུ། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ངོས་འཛིན་ཐོབ་པར་རེ་ཞུ་བྱས་པ་བརྒྱུད། ཕྱུགས་ལས་ཐོན་རྫས་སྔར་བས་རིམ་པ་མཐོ་བའི་ཚོང་རར་རྒྱུན་ཆད་མེད་པར་བསྐྱོད།
2023ལོར། རྒྱམ་ཆེན་སྡེ་བར“ཡུས་ཧྲུའུ་རྒྱུད་བཟང་ནོར་གནག་གསོ་སྤེལ་རྟེན་གཞིའི་ཆོག་འཐུས་དཔང་ཡིག”ཐོབ། དེས་མཉམ་ལས་ཁང་གི་ཐོན་ལས་གཞི་ཁྱོན་ཇེ་ཆེར་བཏང་བར་མ་ཟད། གསོ་སྤེལ་དང་དོ་དམ་གྱི་ལག་རྩལ་ཆུ་ཚད་ཀྱང་མཐོར་འདེགས་བཏང་སྟེ། མཉམ་ལས་ཁང་གི་དར་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྩལ།
ད་ལྟ། རྒྱམ་ཆེན་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལ་རྩྭ་སའི་ཐོན་ཁུངས་མུའུ་ཁྲི126ཡོད་ལ། ཁྱིམ་ཚང477གྱིས་མ་རྩ་བཞག་ཡོད། ཕྱུགས་ཟོག་བསྡོམས་པས778ཡོད། མཉམ་ལས་ཁང་གི་རྟེན་གཞི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་སྟེ། ཕྱུགས་ཁང2དང་ཕྱུགས་སྨན་ས་ཚིགས2ལས་ཡོད། ད་རུང་འབྲི་སྟོད་རྫོང་གི་ཐོག་མའི་ཕྱུགས་རྒྱུད་ར་བ་དང་ཁུལ་ཡོངས་ཀྱི་ཐོག་མའི“དྲ་ཐོག་ཕྱུགས་ར”ཡོད་པས་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱས་ཡོད།
ཞང་གི“ཕྱིས་དར་སྡེ་བ”ཡིན་པའི་ཆ་ནས་ད་ལྟའི་གྲུབ་འབྲས་འདི་ལྟ་བུ་ཞིག་ལེན་ཐུབ་པར་བླ་ཤུལ་ཚེ་སྐྱབས་ཧ་ཅང་དགའ་ཡོད། ཁོས“རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་དང་། ཞང་ཏང་ཨུ་དང་ཞང་སྲིད་གཞུང་གི་ཡང་དག་སྣེ་འདྲེན་འོག ང་ཚོས་མཉམ་ལས་ཁང་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ན་ད་གཟོད་ཕྱུགས་ལས་འཕེལ་རྒྱས་ཀྱི་འགག་སྒོ་ལས་ཐར་ཐུབ། མཉམ་ལས་ཁང་གི་འཕེལ་རྒྱས་ཀྱིས་དཔལ་འབྱོར་གྱི་ཡོང་སྒོ་ངོ་མ་བསྐྲུན་པར་མ་ཟད། རྒྱམ་ཆེན་མང་ཚོགས་ཀྱི་ཡོང་སྒོ་འཕར་དུ་བཅུག་པ་དང་། འབྲོག་པའི་ཡིད་ཆེས་ཀྱང་ཇེ་དྲག་ཏུ་བཏང་ནས། ཚང་མའི་སྐྱེ་ཁམས་ཕྱུགས་ལས་མུ་མཐུད་དུ་འཕེལ་རྒྱས་གཏོང་བའི་ཆོད་སེམས་ཇེ་བརྟན་དུ་བཏང་ཡོད”ཅེས་བཤད།
ཁེ་སྤོགས་བགོས་ཚར་ནའང་བླ་ཤུལ་ཚེ་སྐྱབས་ངལ་གསོ་རྩིས་མེད། “ནམ་ཟླ་ཇེ་འཁྱག་ནས་ཇེ་འཁྱག་རེད། འདིར་མཐུད་ནས་ང་ཚོས་འབྲོག་མི་རྣམས་ཀྱི་དགུན་དུས་བརྒལ་བའི་དཀའ་སྡུག་དང་དགོས་མཁོར་རྒྱུས་ལོན་བྱས་ཏེ། ཁོ་ཚོའི་དོན་དག་ཙག་ཙིག་དང་དཀའ་སྡུག་སེལ་ཅི་ཐུབ་བྱེད་རྒྱུ་ཡིན། དུས་མཚུངས་སུ་ཐེངས་འདིའི་ཁེ་སྤོགས་བགོ་བ་གོ་སྐབས་སུ་བརྩིས་ཏེ། ཕྱུགས་ཟོག་གི་དགུན་བརྒལ་བྱ་བ་ལེགས་པོར་བསྒྲུབས་ནས་ལོ་རྗེས་མའི་མཉམ་ལས་ཁང་གི་འཕེལ་རྒྱས་ལ་རྐྱེན་ངན་མི་ཐེབས་པར་ཁག་ཐེག་བྱེད་རྒྱུ་ཡིན”ཟེར། །