ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།
发布时间:2025年01月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
图片

ཟླ1པོའི་ཚེས9ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཟི་ལིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱས་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དངོས་འབེབས་ཟབ་མོ་བྱས་པ། མིག་སྔར་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་བྱས་པ། 2024ལོའི་ལས་དོན་ལ་སྤྱི་སྡོམ་བྱས་པ། 2025ལོའི་ལས་དོན་བཀོད་སྒྲིག་བྱས་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་སྐུལ་སློང་བྱས་ནས་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་སྔར་ལས་ཆེ་བའི་འཕེལ་འགྲོས་ཆེན་པོ་ལེན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པ་ཆེན་པོས་སྐུལ་འདེད་བཏང་།

ཚང་འཛོམས་གྲོས་ཚོགས་ནི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས2024ལོའི་ལས་དོན་སྙན་ཞུ་ཕུལ་བ་དང་། 2025ལོའི་དཔལ་འབྱོར་སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལས་ཚབ་པ་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་མཛད་ནས2024ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་ལ་སྤྱི་སྡོམ་མཛད་པ་དང་། 2025ལོའི་ལས་དོན་ལ་བྱེ་བྲག་བཀོད་སྒྲིག་མཛད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལིའུ་མའེ་ཕིང་དང་ཝང་ཝའེ་ཏུང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙེ་པའེ་ཁི་རའེ་སའོ་ལི་ཧན། པད་གོ། ཀྲུའུ་ཞང་ཧྥེང་། ཧུའུ་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས།

ཚང་འཛོམས་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་བ་དེས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ལ་གསལ་འགྲེལ་ཟབ་མོ་གནང་བ་དང་། དུས་རབས་གསར་པར་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པར་བརྟག་ཐབས་སྨྲ་བ་རབ་དང་རིམ་པ་བཏོན་གནང་མཛད་པ་ལ། ལོ་རྒྱུས་ཀྱི་གསལ་རྟོགས་ནུས་པ་དང་གཞུང་ལུགས་ཀྱི་སྣེ་ཁྲིད་ནུས་པ། ལག་ལེན་གྱི་མཛུབ་སྟོན་ནུས་པ་དྲག་པོ་ལྡན་པས། ང་ཚོས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་སྔར་ལས་ལྷག་པར་གཅིག་གྱུར་ཡོང་བར་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། ཏང་ཀྲུང་དབྱང་གི་མིག་སྔར་གྱི་དཔལ་འབྱོར་གནས་བབ་ཐད་ཀྱི་བརྡར་གཅོད་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ། ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཐད་མཛད་པའི་ཆོད་སྡོམ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ། ཏང་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་འཕེལ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ། ཏང་ཀྲུང་དབྱང་གི་ད་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ཡང་དག་པར་ཁོང་དུ་ཆུད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་པར་ཤུགས་སྣོན་པའི་ཐད་ཀྱི་བླང་བྱ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ། འཐབ་ཇུས་རང་རྟོན་དང་ལོ་རྒྱུས་ཀྱི་རང་འགུལ་བརྟན་པར་བྱེད་པ། རང་སྟེང་ལས་དོན་གྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་གནས་བབ་འགྱུར་ལྡོག་གི་ངེས་གཏན་མ་ཡིན་པར་ཁ་གཏད་འཇལ་བ། ཕྱོགས་སོ་སོའི་ཡར་སྐུལ་རྒྱུ་རྐྱེན་རྣམས་འཕེལ་རྒྱས་ཀྱི་དངོས་འབྲས་ལ་བསྒྱུར་བར་འབད་པ། ད་ལོའི་ལས་དོན་ཁག་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་སྤྲོད་དགོས་པར་འདོད།

ཚང་འཛོམས་གྲོས་ཚོགས་སྟེང་། 2024ལོའི་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་ཤིང་། འདས་པའི་ལོ་གཅིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་གསུང་བཤད་གལ་ཆེན་གནང་བ་ལ། ལམ་མཚམས་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། བཀའ་མངགས་ཡིད་ལ་དམ་པོར་བཟུང་བ་དང་དྲིན་གཟིའི་འབད་འཐབ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་མཉམ་དུ་གཞི་གཅིག་འཆར་འགོད་འཐེན་པ་དང་གཞི་གཅིག་སྐུལ་འདེད་བཏང་བ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་བཅོས་སྒྱུར་འཕེལ་རྒྱས་ཀྱི་བྱ་བཞག་ཁག་ཏུ་ཞུགས་པའི་སྟོབས་དང་ལྡན་པའི་ནུས་ཤུགས་གཅིག་ཏུ་བསྡུས་པ། སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་སྒོས་བཟང་ཕྱོགས་སུ་འཕེལ་བ། དཔལ་འབྱོར་འཁོར་སྐྱོད་བདེ་ཐང་བརྟན་ལྷིང་ཡིན་པ། བཅོས་སྒྱུར་སྒོ་འབྱེད་བསྟུད་མར་ཟབ་མོར་སྤེལ་བ། དམངས་འཚོ་འགན་ལེན་ནན་ཏན་སྟོབས་ལྡན་ཡིན་པ། མི་རིགས་མཐུན་སྒྲིལ་མི་སེམས་ལ་གཤགས་པ། ཉེན་ཁའི་འགོག་ཟོན་གོ་རིམ་ཡོད་ལ་ཕན་འབྲས་ལྡན་པ། ཏང་ནན་མོས་སྐྱོང་བ་ཟབ་མོར་སྤེལ་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྟོབས་དང་ལྡན་པའི་གོམ་སྟབས་སྤོས་ཡོད་པར་འདོད།

ཚང་འཛོམས་གྲོས་ཚོགས་སྟེང་། 2024ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་སྤྱི་སྡོམ་བྱས་ནས། ང་ཚོས་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་འདྲེས་པ་དང་ཞབས་ཞུ་སྒྲུབ་པའི་ཁྲོད་ཁག་ཁུར་མངོན་པར་བྱས་པ་དང་། འཐབ་ཇུས་གོ་སྐབས་བརྩོན་ལེན་བྱེད་པའི་ཁྲོད་རང་འགུལ་གྱིས་བྱས་རྗེས་བཞག་པ། དཀའ་ངལ་འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་མདུན་སྐྱོད་ལ་འབད་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བཟང་འཕེལ་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་བ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་པ་བརྟན་པོར་འཕེལ་བ། མཐོ་ས་སྐྲུན་པར་བརྟན་ཐོག་དགེ་བརླིང་ཡིན་པ། གནས་བཞི་འཛུགས་སྐྲུན་བརྟན་ཐོག་སྤུས་འདེགས་བྱས་པ། འཕེལ་རྒྱས་ཀྱི་གཞི་མདངས་སྔར་ལས་སྲ་བརྟན་དུ་བཏང་བ། འཕེལ་རྒྱས་གནས་བབ་སྔར་ལས་སྟོབས་དང་ལྡན་པ། འཕེལ་རྒྱས་སྒུལ་ནུས་སྔར་ལས་དྲག་པོ་ཡིན་པ། འཕེལ་རྒྱས་གསོན་ཤུགས་སྔར་ལས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་ཚོས་མདོག་སྔར་ལས་ངོ་མཚར་བ། ལས་དོན་ཁག་གི་ཐད་བླངས་པའི་གྲུབ་འབྲས་ནི་ལས་སླ་མོས་ཐོབ་པ་མིན་ཞིང་ལེགས་པར་གྲུབ་པ་ལ་དཀའ་ལས་མང་པོ་མྱངས་ཡོད་པར་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་། མིག་སྔར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ཕྱོགས་རྣམ་ཀུན་དང་གཏིང་ཟབ་མོས་སྒོས་སྤེལ་བཞིན་ཡོད་པ་དང་། ང་ཚོའི་འཕེལ་རྒྱས་ཀྱི་ཕྱི་ཕྱོགས་ཁོར་ཡུག་སྔར་ལས་རྙོག་འཛིང་དང་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་ལ། སྔོན་དཔག་ཐུབ་པ་དང་མི་ཐུབ་པའི་དཀའ་ངལ་འགྲན་སློང་སྔར་བྱུང་མ་མྱོང་བ་བྱུང་ཡོད། གཡོར་གྲུ་མང་པོ་འགྲན་གཏོང་དང་མཚོ་གྲུ་བརྒྱ་ཕྲག་འགྲན་རྒྱུག་བྱེད་པ་ལྟ་བུའི་འཕེལ་རྒྱས་གནས་བབ་ལ་ཁ་གཏད་པ་དང་། དཀའ་ཁག་རྙོག་འཛིང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ལས་འགན་ལ་ཁ་གཏད་ཚེ། ཡིད་ཆེས་ནི་སེར་པོ་གསེར་ལས་ཀྱང་གལ་ཆེན་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ངེས་པར་དུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་དུས་རབས་གསར་པའི་གནས་ལུགས་འགྱུར་མེད་ཡིན་པས། གནས་བབ་རྙོག་འཛིང་རང་བཞིན་ལ་སྔོན་དཔག་སྔར་ལས་ཕུན་སུམ་ཚོགས་པ་བྱེད་པ་དང་། ལས་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་སྔར་ལས་སྟོབས་དང་ལྡན་པར་སློང་བ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་སྣེ་ཁྲིད་ནས་འཕྲལ་བསྟུན་ལེགས་པོ་དང་དཀའ་ངལ་འགག་སྒྲོག་བྱས་ཏེ། དུས་རབས་གསར་པའི་བགྲོད་ལམ་གསར་པའི་ཐོག་ཡིད་ཆེས་བརྟན་པ་དང་དངོས་གཉེར་སྔོན་སྐྱོད་ལ་བརྩོན་དགོས། ཡིད་ཆེས་བརྟན་པ་དང་དངོས་གཉེར་སྔོན་སྐྱོད་ལ་བརྩོན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ངེས་པར་ཇི་མ་ཇི་བཞིན་དུ་ལག་བསྟར་དངོས་འབེབས་བྱེད་དགོས། མཚོ་སྔོན་གྱི་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ཁྲོད་ཀྱི་འཐབ་ཇུས་གོ་གནས་དེ་རིང་གི་འདི་ལྟ་བུའི་གལ་ཆེན་ཞིག་ཏུ་སྔར་གྱུར་མ་མྱོང་བ་དང་། འཕེལ་རྒྱས་བརྒྱུད་ལམ་དེ་རིང་གི་འདི་ལྟ་བུའི་གསལ་པོ་ཞིག་སྔར་བྱུང་མ་མྱོང་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་དེ་རིང་གི་འདི་ལྟ་བུའི་རྒྱ་ཆེ་བ་ཞིག་སྔར་ཡོད་མ་མྱོང་བས། མཐོ་སྒང་གི་བུ་ཕྲུག་ཚོའི་སེམས་པ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཐུགས་བརྩེ་དང་མདུན་སྐྱོད་ཀྱི་ཕུགས་འདུན་ལ་ཕྱོགས་ནས་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ཟད་མེད་དུ་བསྒྱུར་ཏེ། གོམ་པ་གང་རེ་གང་རེ་དང་རྗེས་ཤུལ་གཅིག་རེ་གཅིག་རེ་བཞག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཚོ་སྔོན་དུ་རྩ་བ་ཚུགས་ལ་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས། ཡིད་ཆེས་བརྟན་པ་དང་དངོས་གཉེར་སྔོན་སྐྱོད་ལ་བརྩོན་པར། ངེས་པར་དུ་དམིགས་འབེན་བཟུང་ནས་མི་གཏོང་བ་དང་འཆར་འགོད་གཅིག་མཐའ་འཁྱོལ་བར་འབྲི་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་དམ་པོར་དམིགས་པ་དང་། རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་འདྲེས་པ་དང་ཞབས་ཞུ་སྒྲུབ་པར་རྒྱུན་འཁྱོངས་བྱེད་པ། བྱེད་འོས་དང་མི་འོས་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོང་དང་འཕེལ་རྒྱས། དམངས་འཚོ། བདེ་འཇགས་བཅས་སྤྱི་འདོམས་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་འཕེལ་རྒྱས་ནི་དཔལ་འབྱོར་གོང་འཕེལ་གྱི་འཕེལ་འགྲོས་རྐྱང་རྐྱང་སྙེག་པ་མ་ཡིན་པར་སྐྱེ་ཁམས་སྲུང་སྐྱོང་དང་ལས་ཞུགས་འབབ་འཕར། མི་རིགས་མཐུན་སྒྲིལ་བཅས་སྔར་ལས་འདེགས་སྐྱོར་ཡིན་པའི་འདུ་ཤེས་དངོས་ལ་འབེབས་པར་བྱེད་པ། དངོས་གཉེར་དངོས་འབྲས་ལ་བརྟེན་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་འབྱེད་དགོས། ཡིད་ཆེས་བརྟན་པ་དང་དངོས་གཉེར་སྔོན་སྐྱོད་ལ་བརྩོན་པར། ངེས་པར་དུ་སྲིད་ཇུས་ཀྱི་ཁེ་སྤོགས་དང་བཅོས་སྒྱུར་གྱི་སྒུལ་ཤུགས་བེད་སྤྱོད་དང་གློད་བཀྲོལ་ཕུན་སུམ་ཚོགས་པ་བྱེད་དགོས། སྔར་ལས་ཡར་བརྩོན་ལྡན་པའི་ནོར་སྲིད་སྲིད་ཇུས་དངོས་འབེབས་བྱེད་པའི་ཐོག་འགྲོས་འདེགས་སྤུས་འདེགས་བྱེད་པ་དང་། འོས་འཚམ་གུ་ཡངས་ཀྱི་དངུལ་ལོར་སྲིད་ཇུས་དངོས་འབེབས་བྱེད་པའི་ཐོག་མཐུན་སྦྱོར་ཤུགས་འདོན་བྱེད་པ། སྲིད་ཇུས་སྡུད་སྒྲིག་དངོས་འབེབས་བྱེད་པའི་ཐོག་ཤུགས་ཕུན་སུམ་ཚོགས་པར་འདོན་པ། མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་དངོས་འབེབས་ལ་སྐུལ་འདེད་གཏོང་བའི་ཐོག་བྱས་རྗེས་གསར་སྐྲུན་བྱེད་པ། བློར་བབས་པ་དང་མྱུར་ཏུ་སྒྲུབ་པ། ཇི་ལྟར་སྔ་ཐུབ་ན་དེ་ལྟར་སྔ་བ་དང་སྔ་བ་ཀུན་གྱི་སྔོན་མར་འཇོག་པ། འགུལ་སྐྱོད་ཐོག་སྔར་ལས་ཇེ་མགྱོགས་ལ་གཏོང་བ་དང་ཤུགས་ཚད་ཐོག་སྔར་ལས་ཆེར་སྐྱེད་པ། སྲིད་ཇུས་དངོས་འབེབས་ལ་སྐུལ་འདེད་གཏོང་བའི་ཐབས་བཟང་ཐབས་མཆོག་རབ་དང་རིམ་པ་བཏོན་ནས། ཐབས་རེ་རེས་གོ་ཆོད་པ་དང་ཕན་འབྲས་ཡོད་པ་ངེས་པ་དོན་གྱིས་སྒྲུབ་ཐུབ་དགོས། ཡིད་ཆེས་བརྟན་པ་དང་དངོས་གཉེར་སྔོན་སྐྱོད་ལ་བརྩོན་པར། ངེས་པར་དུ་ལས་སྒྲུབ་འདོད་པ་དང་སྒྲུབ་ཐུབ་པ། བསྒྲུབས་ནས་འགྲུབ་པའི་མཁའ་དབུགས་མཐུག་པོ་སྔར་ལས་ཆགས་པར་བྱེད་དགོས། མཚོ་སྔོན་གྱི་ལས་བྱེད་པས་ལས་སྒྲུབ་འདོད་པ་དང་སྒྲུབ་ཐུབ་པ། བསྒྲུབས་ནས་འགྲུབ་ཐུབ་པ་དོན་དངོས་ཀྱིས་བདེན་དཔང་བྱས་ཡོད། སྲོལ་རྙིང་མཁྲིགས་འཛིན་དང་རང་འདོད་རྗེས་ལུས། དངོས་ཡོད་ལ་ཡིད་ཚིམ་པའི་མིག་རྒྱང་ཐུང་བའི་བྱ་སྤྱོད་མཐའ་གཅིག་གཏན་འགོག་བྱེད་པ་དང་། ཁག་ཁུར་མི་ཕོད་པ་དང་འགལ་བར་གཞོལ་བ། ཕྱིར་འགྱངས་སྐོར་སྐྱོད་ཀྱི་འཇིགས་སྐྲག་བསམ་པ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། སླ་བཅོས་ཆོག་ཙམ་དང་ཉི་མ་འཁྱོལ་ཐབས། ལྷོད་གཡེང་ངལ་གསོ་བཅས་ཀྱི་སྒྱིག་ལུག་གི་སེམས་ཁམས་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཕུན་སུམ་ཚོགས་པར་གཏོང་བ། འཕྲང་ནས་འཕྲད་ན་དཔའ་བོ་རྒྱལ་བའི་ཆོད་སེམས་དང་སྤོབས་པ་ཡོད་པར་བྱས་ཏེ། བྱ་བཞག་གསར་པ་ཞིག་སྒྲུབ་པ་དང་གནམ་ས་གསར་པ་ཞིག་འབྱེད་དགོས་པར་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་། ད་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་བཏོན་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་པའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཇི་མ་ཇི་བཞིན་དུ་དངོས་འབེབས་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དངོས་འབེབས་ཟབ་མོ་བྱེད་པ། ཆེ་ཤོས་གསུམ་གྱི་ཞིང་ཆེན་གནས་ཚུལ་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ཅིང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་མྱུར་ཏུ་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོར་གཏོང་བ། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་བརྟན་པ་དང་དངོས་གཉེར་སྔོན་སྐྱོད་བརྩོན་ལེན་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོར་རྩིག་པ། དཔལ་འབྱོར་མུ་མཐུད་དུ་སླར་གསོ་བཟང་འཕེལ་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་པ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་སྲུང་འཛིན་བྱེད་པ། སྲོལ་བཟང་ཡར་བརྩོན་གྱི་ཆབ་སྲིད་སྐྱེ་ཁམས་སྲ་བརྟན་དུ་གཏོང་བ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱེད་པ། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ལེགས་པར་རྩོམ་པར་རྨང་གཞི་བརྟན་པོར་འདིང་བ་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས་ཞེས་པ་དེ་ཡིན། 

ཚང་འཛོམས་གྲོས་ཚོགས་སྟེང་། གཙོ་གནད་ལས་དོན་འགག་སྒྲོལ་གེགས་སེལ་ལ་དམིགས་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་ཐོག་སྐས་རིམ་གསར་པར་བསྐྱོད་དགོས། རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ལམ་སྲོལ་གསར་གཏོད་ཟབ་མོར་སྤེལ་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་བརྒྱུད་ལམ་རྒྱ་སྐྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་མངོན་འགྱུར་བྱེད་པ། “ཀྲུང་ཧྭའི་ཆུ་མཛོད”ཉིན་བཞིན་སྲ་བརྟན་མོད་པོ་ཡོང་བར་ཁག་ཐེག་བྱས་ཏེ། རི་སྔོ་ཆུ་དྭངས་ནི་ངེས་པ་དོན་གྱིས་མཚོ་སྔོན་གྱི་ཆེས་ཆེ་བའི་དགེ་མཚན་དང་ང་རྒྱལ་ལ་འགྱུར་དུ་འཇུག་དགོས། ཕྱོགས་རྣམ་ཀུན་ནས་ཕན་ཡོད་དགོས་མཁོ་རྒྱ་སྐྱེད་པ་དང་། དཔལ་འབྱོར་མུ་མཐུད་དུ་བདེ་ཐང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐོག་སྒུལ་ནུས་གསར་པ་གསར་སྐྲུན་བྱེད་དགོས། འཛད་སྤྱོད་རྒྱ་སྐྱེད་རྒྱུ་ནི་གཙོ་བོ་ནང་གི་གཙོ་བོར་འཇོག་པ་དང་། གསར་པ་གཉིས་ཀྱི་སྲིད་ཇུས་བེད་སྤྱོད་ལེགས་པོ་ཕུན་སུམ་ཚོགས་པར་གཏོང་བ། འཛད་སྤྱོད་གབ་ཤུགས་སྔོག་འདོན་བྱས་ཏེ། འཛད་སྤྱོད་ཀྱི་རེ་འདུན་དང་རིམ་པ་མཐོར་འདེགས་དགོས། ཕན་ལྡན་དངུལ་གཏོང་དེ་འདེགས་སྐྱོར་གལ་ཆེན་དུ་འཇོག་པ་དང་། ལས་གཞི་འཆར་འགོད་ཀྱི་གནད་འཁེལ་རང་བཞིན་མཐོར་འདེགས་པ། སྔར་ལས་དངུལ་གཏོང་ལས་གཞི་མང་པོ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཇུས་ཆེན་དུ་བསྡུ་བར་བརྩོན་ལེན་བྱས་ཏེ། ལས་གཞིའི་སྔ་དུས་དང་རིམ་འདེགས་ཀྱི་དཔྱད་ཞིབ་ལས་དོན་ཇེ་དྲག་ཏུ་གཏོང་དགོས། དངུལ་འདྲེན་ཚོང་འགུག་ནི་གནད་འགག་གི་འཇུག་སྒོར་བྱེད་པ་དང་། མཚོ་སྔོན་ལ་ཡོད་པ་དང་མཚོ་སྔོན་གྱི་དགེ་མཚན་ལ་རྐང་འཛུགས་པ། གོ་ཆོད་པ་དང་ཕན་འབྲས་ཡོད་པའི་སྲིད་ཇུས་ལམ་སྲོལ་སྐོར་ཞིག་བཏོན་ནས། ཁོངས་ཡོངས་ཚོང་འགུག་དང་ཕྱོགས་རྣམ་ཀུན་ནས་ཚོང་འགུག ཐོན་ལས་ཕྲེང་བ་ཡོངས་ནས་ཚོང་འགུག་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་ཁུངས་རྒྱུ་རྐྱེན་ལ་དམིགས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་ཐོག་ཐོད་བརྒལ་གསར་པ་བརྩོན་དགོས། ཐོན་ལས་ཀྱི་གནས་བཞི་འདྲེས་སྦྱོར་འཕེལ་རྒྱས་ལམ་བུར་ལེགས་པར་སྐྱོད་པ་དང་། ཚྭ་མཚོའི་ཐོན་ལས་ཀྱིས་ཐོན་ཁུངས་གོ་རིམ་ལྡན་པར་སྔོག་འདོན་བྱེད་པར་དམིགས་ཏེ། ཐོན་སྐྱེད་བརྟན་པ་དང་སྤུས་ཚད་མཐོར་འདེགས་སྟོབས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས། ནུས་ཁུངས་གཙང་མས་བདེན་སྲུང་དང་གསར་གཏོད་ལ་དམིགས་པ་དང་། སྤྱིའི་ཇུས་གཞི་རྒྱ་སྐྱེད་པ། སྟོབས་ཤུགས་དངོས་མཐོར་བཏེགས་ནས། ཐོན་ཁུངས་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་ལ་བསྒྱུར་དགོས། སྐྱེ་ཁམས་ཡུལ་སྐོར་གྱིས་འཆར་འགོད་གནད་འཁེལ་ཤུགས་འདོན་ལ་དམིགས་པ་དང་། གཙོ་གནད་འཆར་འགོད་སྒོས་མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་ཏེ། མཐོ་སྒང་གི་ཁམས་གསོ་ཐོན་ལས་མྱུར་ཏུ་གསོ་སྐྱོང་སྟོབས་ལྡན་དུ་གཏོང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱིས་ཐོན་ལས་ཆེན་པོ་བཅུ་འཕེལ་རྒྱས་འགུལ་སྐྱོད་ལག་ཏུ་བསྟར་བར་དམིགས་པ་དང་། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ར་བཅས་ལས་རིགས་ལྔ་འདྲེས་སྦྱོར་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གཙོ་བོ་གླིང་ཁུལ་གསར་སྐྲུན་དང་ཚོགས་སྤྱི་འཕེལ་རྒྱས། གཞི་གྲངས་མཚོ་སྐྱོར་ཕྱོགས་ནས་མུ་མཐུད་དུ་ཤུགས་འདོན་དགོས། གཞི་གྲངས་རིག་ནུས་ཅན་གྱི་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གྲངས་འཛིན་ཅན་ལ་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་བྱེད་གསར་པ་སྐྲུན་དགོས། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་པ་དང་། ཚོང་པར་ཉེ་བ་དང་ཚོང་པ་བདེ་བའི་མཁའ་དབུགས་ལེགས་པོ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་འགུག་ཤུགས་སྟོབས་ཆེན་ལ་འགྱུར་དུ་འཇུག་པ། རྒྱལ་ཁབ་ཀྱི་ཡུལ་ཁོངས་གལ་ཆེན་འཕེལ་རྒྱས་འཐབ་ཇུས་ལ་ཕྱོགས་ཡོངས་ནས་འདྲེས་སུ་བཅུག་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པོ་མུ་མཐུད་དུ་རྒྱ་སྐྱེད་དགོས། རྒྱུད་ཁོངས་རང་བཞིན་གྱི་ཉེན་ཁའི་ཚད་མཐའ་མི་འབྱུང་བ་བརྟན་པོར་སྲུང་ཐུབ་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་ཐག་གཅོད་ཐོག་ཕན་འབྲས་གསར་པ་ལེན་དགོས། འཚོ་བ་ངན་ངོན་རོལ་བའི་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ་དང་། བུན་དོན་ཐག་གཅོད་བརྟན་བརླིང་གོ་རིམ་ལྡན་པས་སྐུལ་འདེད་གཏོང་བ། དངུལ་རྩའི་སྒྲིག་གཞི་ཆུང་འབྲིང་གི་ཉེན་ཁ་མྱུར་ཏུ་ཐག་གཅོད་པ། ས་གནས་ཀྱི་དངུལ་རྩའི་རྩ་འཛུགས་གྲངས་སྐྱུང་སྤུས་འཕར་གོ་རིམ་ལྡན་པས་སྐུལ་འདེད་གཏོང་བ། སྡོད་ཁང་ཐོན་ལས་ཀྱི་ཁྲོམ་ར་འཁོར་རྒྱུག་ལེགས་པོར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། རྣམ་པ་གསར་པའི་མཁར་གྲོང་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། མཁར་གྲོང་འདྲེས་སྦྱོར་འཕེལ་རྒྱས་ཐོག་སྣང་བརྙན་གསར་པ་མངོན་དགོས། ཟི་ལིང་དང་མཚོ་ཤར་ནི་མ་འོངས་པའི་མཁར་གྲོང་ཅན་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་བྱེད་པ་དང་། མཁར་གྲོང་ཅན་གྱི་བག་ནུས་ས་ཁུལ་མྱུར་ཏུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ཏེ། མཚོ་འཕགས་མཐོ་བའི་ས་ཁུལ་གྱི་མི་གྲངས་ལྟེ་གནས་གྲོང་ཁྱེར་ཚོགས་པར་འདུས་པར་སྣེ་ཁྲིད་དགོས། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གསར་སྤོར་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་ཏེ། མཁར་གྲོང་བདེ་འཇགས་མཉེན་ཤུགས་མུ་མཐུད་དུ་མཐོར་འདེགས་དགོས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། བདེ་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་རྣམ་པ་བསྐྲུན་པའི་ཐོག་ཉམས་འགྱུར་གསར་པ་མངོན་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྔར་ལས་ཚོར་ཐུབ་པ་དང་རེག་ཐུབ་པར་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པ། བོད་འབྲེལ་བརྟན་སྲུང་ལས་དོན་གྱི་རང་འགུལ་དབང་ཆ་ཁོང་དུ་དམ་པོར་ཆུད་པ། མཉམ་སྐྲུན་མཉམ་སྤྱོད་ཀྱི་གཞི་རིམ་བཅོས་སྐྱོང་གནས་སྟངས་ཆགས་པར་བྱེད་པ། མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་ཁྱིམ་གཞིས་དང་བདེ་འཇགས་མཚོ་སྔོན་སྐྲུན་པར་བརྩོན་དགོས། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་དྲག་ཏུ་གཏོང་བའི་ཐོག་མཐོར་འདེགས་གསར་པ་མངོན་འགྱུར་བྱེད་དགོས། མཚོ་སྔོན་གྱི་དངོས་ཡོད་ལ་རྐང་འཛུགས་པ་དང་། རང་ནུས་ཅི་ལྕོགས་དང་རང་ཤུགས་ཅི་འདོན་རྒྱུན་འཁྱོངས་བྱེད་པ། སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམ་རང་བཞིན་དང་རེག་ཐུབ་རང་བཞིན་ཇེ་དྲག་ཏུ་གཏོང་བ། གནོད་འགོག་གནོད་སྐྱུང་གི་ནུས་པ་ཕྱོགས་ཡོངས་ནས་མཐོར་བཏེགས་ཏེ། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མཁའ་རུ་འདེགས་དགོས་པར་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་། ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་བླ་སྲོག་བསྐྲུན་ཏེ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྲ་བརྟན་གྱི་མགོ་ཁྲིད་སྟོབས་ཤུགས་སྦྱོང་བརྡར་བྱེད་པ་དང་། སྔར་བས་རྒྱ་ཁྱབ་ཀྱིས་དངོས་སྒྲུབ་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ལས་སྒྲུབ་དང་ལས་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་དང་དྲང་ལམ་སྐུལ་ལྕག་ལ་ཤུགས་སྣོན། སྔར་ལས་ལྷག་པར་ལས་བྱེད་པར་ཡིད་ཆེས་དང་གཅེས་སྐྱོང་གང་ལེགས་སྒོས། ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ནུས་པ་སྤྲོད་པ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཡང་དག་པའི་མི་བཀོལ་སྤྱོད་བྱེད་པའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས། ལས་ཀ་སྒྲུབ་འདོད་པ་དང་ལས་ཀ་སྒྲུབ་ཤེས་པའི་ལས་བྱེད་པས་ལས་ཀ་སྒྲུབ་ཐུབ་པ་དང་བྱ་བ་འགྲུབ་ཐུབ་པར་བྱེད་དགོས། བཅོས་སྒྱུར་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་དགོས་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས། དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་བྱེད་ཚད་ཆེ་རུ་གཏོང་དགོས། དཔལ་འབྱོར་སྲིད་ཇུས་ལ་ཞིབ་འཇུག་དང་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཕན་འབྲས་ཆེ་ཤོས་བརྩོན་ལེན་བྱེད་དགོས། ལས་ལ་བརྩོན་པ་དང་དངོས་སྒྲུབ་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། ནུས་ཤུགས་ཡོད་རྒུས་བསྒྲུབ་པ་ཞེས་པར་གཞོལ་པ་ལས་དོན་མེད་སྟོང་ལས་ཇེ་ཉུང་དུ་གཏོང་དགོས། ནན་ཏན་ལས་བརྩོན་ལ་གཞོལ་བ་ལས་མིང་སྟོང་གྲགས་སྐམ་ལ་མི་རེ་བ་དང་ཆོས་ཉིད་ལ་རྒྱབ་འགལ་མི་བྱེད་པ། རྨོངས་བས་ཧོལ་རྒྱུགས་ཀྱིས་གང་བྱུང་དུ་མི་སྒྲུབ་པ་བཅས་བྱས་ཏེ། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་ཚན་རིག་དང་མཐུན་པའི་སྒོ་ནས་བབ་བསྟུན་བྱེད་པ། རང་འགུལ་ངང་འགྱུར་ལྡོག་དང་ལེན་བཅས་བྱས་ཏེ། དོན་དངོས་བསྒྲུབ་མཁས་བྱས་པའི་ཁྲོད་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱོད་གཙང་དང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་པོ་སྤྱད་དེ་ཏང་ལ་དོ་དམ་དང་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ནམ་ཡང་ལྷོད་གཡེང་མེད་པར་མཐའ་གཅིག་ཏུ་ནན་ཏན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། རུལ་སུངས་འབྱུང་བའི་གནས་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་སྐྱེ་ཁམས་བཟང་པོ་བསྐྲུན་དགོས་པར་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ལ་དོ་སྣང་གཙིགས་ཆེན་བྱས་ཏེ། ཕན་ཡོད་ཀྱི་གོ་སྐབས་ཡོད་ཚད་དམ་འཛིན་དང་། ཕན་ཡོད་ཀྱི་ཆ་རྐྱེན་ཡོད་ཚད་བེད་སྤྱོད། དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་བཅས་བྱས་ཏེ། འགན་འཁྲི་དོན་འཁྱོལ་དམ་འཛིན་བྱས་ནས། ཐབས་ཤེས་གསར་གཏོད་བྱས་ཏེ་དོན་འཁྱོལ་བྱ་རྒྱུ་དང་། མགོ་མཇུག་ཀུན་ཏུ་དངོས་འབེབས་བྱ་རྒྱུར་མཐོང་ཆེན་བྱས་ཏེ། འགན་འཁྲི་གཙོ་བོ་སེམས་ལ་བཟུང་ནས་དང་དུ་ལེན་པ་དང་ལག་ཏུ་བསྟར་ཏེ་ཐབས་ཤེས་གང་ཡོད་ཀྱིས་དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། འགན་འཁྲི་གསལ་པོ་དང་ཕྲེང་འབྲེལ་ཆ་ཚང་། འབྲེལ་མཐུད་ཀྱི་མགོ་མཇུག་ཀུན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གནད་དོན་ཐག་གཅོད་མ་བྱས་ན་ལྷོད་གཡོལ་མི་བྱེད་པ་དང་། ཕན་འབྲས་མངོན་གསལ་མ་བྱུང་བར་ཕྱིར་འཐེན་མི་བྱེད་པ། ལས་འགན་ལེགས་འགྲུབ་མ་བྱུང་བར་རྩིས་སྤྲོད་མི་བྱེད་པའི་འགན་ལེན་བྱེད་དགོས། ལོ་མགོའི་སྐབས་འདིར། 2024ལོའི་རྟོག་ཞིབ་བསུ་བ་དང་དཔྱད་ཞིབ། དཔྱད་དཔོག་སོགས་ཀྱི་འབྲེལ་ཡོད་ལས་དོན་སྣ་ཚོགས་ལེགས་པར་བསྒྲུབ་དགོས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་ལེགས་པོར་བསྒྲུབ་ཏེ། དམངས་སྲོལ་དང་གོམས་སྲོལ་སྲོག་ཤིང་བྱས་པའི་རིག་གནས་བྱེད་སྒོ་ཡག་པོ་སྤེལ་བ་དང་། ལོ་མགོ་ཚེས་མགོའི་སྤྱོད་གཙང་འགག་སྒོ་ནན་གྱིས་སྲུང་དགོས། དགུན་དུས་ཀྱི་གློག་ཤུགས་མཁོ་སྤྲོད་དང་དམངས་འཚོའི་ཚོང་ཟོག་གལ་ཆེན་ཐོན་སྐྱེད་དང་ཕྱིར་ཚོང་། མཁོ་སྤྲོད་འགན་ལེན་གྱི་ལས་ཀ་ལེགས་པོར་བསྒྲུབས་ཏེ། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཟས་རིགས་སྨན་རྫས། ཤོག་སྦག བྱེད་སྒོ་ཆེ་གྲས་སོགས་ཀྱི་བདེ་འཇགས་དོ་དམ་བྱེད་ཚད་ཆེ་རུ་གཏོང་བ། གངས་འཁྱགས་སོགས་གནོད་འཚེ་སྣ་ཚོགས་སྔོན་འགོག་དང་། གནོད་འགོག་ཕྱུགས་སྲུང་དང་རྨོ་འདེབས་གྲ་སྒྲིག་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ཏེ། དུས་ཚིགས་དང་པོ་མགོ་ཚུགས་པའི་སྲིད་ཇུས་དང་བྱེད་ཐབས་ཁག་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ། ལས་དོན་ཁག་གཅིག་གྱུར་འཆར་འགོད་དང་དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་དམ་འཛིན་བྱས་ཏེ། ལོ་ཧྲིལ་པོའི་མགོ་དང་གོམ་པ་དང་པོ་ཡག་པོ་སྤོ་བར་ཁག་ཐེག་བྱེད་དགོས་པར་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་བྱ་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། དད་སེམས་བརྟན་པོ་དང་བརྩོན་སེམས་ཆེན་པོ། གསར་གཏོད་དང་དངོས་སྒྲུབ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས།

ཚང་འཛོམས་གྲོས་ཚོགས་སྟེང་། 《ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་བློ་མཐུན་ཀྲའོ་ཞུའེ་ཀྲང་ཏང་དུ་བསྡད་ནས་ལོ་གཅིག་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་པའི་སྐོར་གྱི་ཆོད་དོན》ལ་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཚོགས་འདུར་ཞུགས་ཡོད། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་བཅས་ཀྱི་ཁོངས་མི། ཞིང་ཆེན་དམག་ཁུལ་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན། གྲོང་ཁྱེར་དང་ཁུལ(ན་གོར་མོ་གྲོང་ཁྱེར་ཚུད)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང(གྲོང་ཁྱེར་དང་ས་ཁུལ། བཟོ་ཚོགས)ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཨུ་ལྷན་དང་པུའུ་ཨུའི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སྡེ་ཚན་དང་མི་དམངས་ཚོགས་པ། མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། མཚོ་སྔོན་གྱི་ཀྲུང་དབྱང་བཅའ་སྡོད་ལས་ཁུངས། ཞིང་ཆེན་དོ་དམ་ཁེ་ལས་ཀྱི་ཏང་ཙུའུ(ཏང་ཨུ)བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་ཞིང་ཆེན་གྱི་འཐུས་མི་དང་ཞིང་ཆེན་ཁ་ཤས་ཀྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཚོགས་འདུར་ཟུར་ཞུགས་བྱས། ། 




 གསང་བདག་རྒྱལ་དང་སངས་རྒྱས་སྐྱབས་ཀྱིས་བསྒྱུར།