དགུན་གཞུང་དུ་ཕྱུགས་ལ་གཟན་རྩྭ་བཟང་པོ་ཟ་རྒྱུ་ཡོད།
发布时间:2025年02月20日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ1པའི་ཚེས5ཉིན། གྲང་ངར་ཤིན་ཏུ་ཆེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཞོ་འོང་དཔྱིས་ཞང་ཞོ་འོང་དཔྱིས་སྡེ་བའི་འབྱོར་སྙེགས་སྐྱེ་ཁམས་ནོར་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་པ་རྡོ་རྗེས་སྔོ་སེར་ཆེན་བསྡམས་སྐོར་འགའ་ཆས་གཞོང་ནང་དུ་འཕངས།

རྡོ་རྗེས་སྔོ་སེར་ཆེན་ཆས་གཞོང་ནང་དུ་འཕངས་མ་ཐག་ནོར་ལུག་གིས་ཆས་གཞོང་བསྐོར། ནོར་གྱིས་ངུར་སྒྲ་ཧུར་ཧུར་དུ་སྒྲོག་ཞོར་སྔོ་སེར་ཆེན་ཟོས། ལུག་གིས་སྔ་རྗེས་བརྩད་དེ་མགོ་བོ་ཆས་གཞོང་དུ་བསྲིངས་ནས་ཟ་བ་དང་། བལྟས་ཚོད་ཀྱིས་ཧ་ཅང་ཞིམ་སྣང་སྟེར།
ན་ནིང་གི་དགུན་ཁར་རྡོ་རྗེས་ཕྱུགས་ཟོག་ལ་བྱིན་པའི་རྩྭ་མང་ཆེ་བ་ནི་སྐམ་ཞིང་སྲ་ལ་འཚོ་བཅུད་མི་ལེགས་པའི་གྲོ་རྩྭ་དང་སྤྱིར་བཏང་གི་རྩྭ་སྐམ་རེད། གྲོ་རྩྭར་མཚོན་ན་སྐམ་ལ་སྲ་མོ་ཡིན་པས་ནོར་ལུག་གིས་ལྡད་དཀའ་བས། ལུས་སྟེང་གི་སྤུ་མདོག་ཤོར་ཞིང་ཤ་ཤེད་ཉམས་ལ། འོ་མའི་ཐོན་ཚད་ཇེ་ཉུང་དུ་སོང་བས། ཚོང་རའི་སྟེང་དུ་རིན་གོང་མཐོན་པོར་བཙོང་དཀའ།
ད་ལོའི་དགུན་ཁར་ཕྱུགས་ཁང་ནང་དུ་སྣང་ཚུལ་མི་འདྲ་བ་བྱུང་ཡོད། “འདི་ནི་ཁུལ་ཞིང་ཕྱུགས་ཅུས་ཀྱིས་ང་ཚོར་སྔོ་སེར་ཆེན་འདེབས་པའི་གྲོས་འགོ་བཏོན་པའི་དྲིན་རེད།” “སྔོན་ཆད་གྱི་གཟན་རྩྭ་ནི་སྔོ་སེར་ཆེན་དང་བསྡུར་ཐབས་མེད། ཁྱེད་ཀྱིས་ལྟོས་དང་། ནོར་ལུག་གིས་སྔོ་སེར་ཆེན་ཟོས་རྗེས་ལུས་སྟེང་གི་སྤུ་ཇེ་མང་དང་སྤུ་མདོག་ཇེ་ཡག་ཏུ་སོང་ནས་འོད་ཆེམ་ཆེམ་བྱེད། འོ་མའི་ཐོན་ཚད་ཀྱང་སྔོན་ཆད་དང་བསྡུར་ན་ཇེ་མང་དུ་སོང་ཡོད། སྔོ་སེར་ཆེན་ཟོས་པས་ནོར་ལུག་ལ་ཤ་ཤེད་རྒྱས་སོང་བས། ང་ཚོའི་ཕྱུག་བསྒྱུར་འབབ་འཕར་ལ་རེ་བ་ཡོད”ཅེས་རྡོ་རྗེས་དགའ་སྤྲོའི་ངང་དེ་ལྟར་བཤད།
མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཁུལ་ཆེན་གྲས་ཀྱི་གཅིག་ཡིན་པའི་རྨ་ལྷོ་ཁུལ་ལ་མཚོན་ན། ཉེ་བའི་ལོ་འགའི་རིང་ལ། ནོར་གནག་དང་མཛོ་མཛོ་མོ། ལུག་སོགས་གསོ་སྤེལ་ཐོན་ལས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་བས། སྲོལ་རྒྱུན་ཕྱུགས་ལས་ཀྱི་ཐར་ཐོར་གསོ་སྟངས་དེ་རིམ་བཞིན་གྲོན་ཆུང་ཅན་དང་དེང་རབས་ཅན་གྱི་གཅིག་བསྡུས་གསོ་སྤེལ་བྱེད་སྟངས་སུ་འགྱུར། གསོ་སྤེལ་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེ་དང་གསོ་སྤེལ་ཚད་གཞི་བསྟུད་མར་མཐོར་འདེགས་བྱུང་བ་དང་བསྟུན་ནས། གཟན་རྩྭའི་དགོས་མཁོའང་ཇེ་ཆེ་ནས་ཇེ་ཆེར་སོང་ཡོད།
2024ལོར། རྨ་ལྷོ་ཁུལ་གྱིས་སྔོ་སེར་ཆེན་ཐོན་ལས་ལ་དམིགས་ཏེ། ཐོན་མཐོ་སྤུས་ལེགས་ཀྱི་སྔོ་སེར་ཆེན་འདེབས་འཛུགས་ཀྱི་རྟེན་གཞི་མགྱོགས་པོར་བསྐྲུན་པ་དང་། “ཞིང་ལས་ཀྱིས་ཕྱུགས་ལས་ལ་ཡར་སྐུལ་དང་རྩྭ་འདེབས་ཕྱུགས་གསོ”ཡི་དམིགས་འབེན་བཅངས་ནས། ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐོན་ལས་དར་སྤེལ་ལ་སྟོབས་ཤུགས་གསར་པ་བསྩལ།
རྨ་ལྷོ་ཁུལ་ཞིང་ཕྱུགས་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཕྱུགས་ཀྱི་སྨན་པ་ལིན་ཧོང་ཞིན་གྱིས“ན་ནིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་རྨ་ལྷོ་ཁུལ་ལ་ཐོན་མཐོ་སྤུས་ལེགས་ཀྱི་སྔོ་སེར་ཆེར་འདེབས་པའི་དཔེ་སྟོན་ལས་གཞིར་ཁ་གསབ་མ་དངུལ་སྒོར་ཁྲི163.8བྱིན་པས། ང་ཚོས་དཔེ་སྟོན་འདེབས་འཛུགས་ས་ཞིང་སྤྱི་ཆིང186.67སྟེང་སྤུས་ལེགས་སྔོ་སེར་ཆེན་བཏབ་པ་ཡིན”ཞེས་མཚམས་སྦྱོར་བྱས།
“སྔོ་སེར་ཆེན་འདིས་ནོར་ལུག་གི་གཟན་རྩྭ་རིམ་པ་ཇེ་མཐོར་བཏང་ཡོད”ཅེས་ལིན་ཧོང་ཞིན་གྱིས་སྔོ་སེར་ཆེན་སྤར་བ་གང་ལག་ཏུ་བླངས་ནས་དེ་ལྟར་བཤད། སྔོ་སེར་ཆེན་ལ“གཟན་རྩྭའི་མཆོག”ཅེས་པའི་སྙན་གྲགས་ཡོད་ལ། དེར་སྤྲི་དཀར་དང་འཚོ་རྒྱུ། གཏེར་རྫས་སོགས་འཚོ་བཅུད་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་འདུས་པས། ནོར་ལུག་ལ་ནུས་ཚད་འདང་ངེས་འདོན་ཐུབ། དེའི་འཚོ་རྒྱུའང་ནོར་ལུག་གི་གཟུགས་གཞི་འཚར་ལོངས་ལ་ཕན་པ་འབའ་ཞིག་ཡིན། དེ་ལས་གཞན། ནོར་ལུག་སྔོ་སེར་ཆེན་ཟ་རྒྱུར་ཧ་ཅང་དགའ།
ལིན་ཧོང་ཞིན་གྱིས་གསར་འགོད་པར་བཤད་རྒྱུར། ཨར་ཀན་ཅུན་སྔོ་སེར་ཆེན་ནི་ཐོན་ཚད་བརྟན་བརླིང་ཡིན་པའི་སྤུས་ལེགས་སྔོ་སེར་ཆེན་སྨུག་པོའི་རིགས་ཤིག་རེད། འཚོ་བཅུད་ཀྱི་རིན་ཐང་མཐོ་བར་མ་ཟད་གཞན་ལས་ཁྱད་དུ་འཕགས་པའི་གྲང་འགོག་དང་ཐན་འགོག་གི་ནུས་པ་ལྡན་ལ། ཅུང་གྲང་འཁྱག་གི་ནམ་ཟླའི་ཆ་རྐྱེན་འོག་ཏུ་སྐྱེ་ཚུལ་བཟང་།
“མ་རྨོས་ལོ་ཏོག་དང་ཡུག་པོ་སོགས་སྲོལ་རྒྱུན་གཟན་རྩྭ་དག་ནི་ལོ་གཅིག་ལ་ཐེངས་གཅིག་རྨོ་བའི་ལོ་ཏོག་གི་གྲས་སུ་གཏོགས་པས་ལོ་རེ་རེར་འདེབས་དགོས། དེ་ལྟར་བྱས་ན་མི་རྒྱུ་མང་པོ་ཟད་པར་མ་ཟད་རང་བྱུང་གི་གནོད་འཚེའང་ཐེབས་སླ། ཐན་པ་དང་ཆུ་ལོག གྲང་འཁྱག་གི་ནམ་ཟླ་རྩུབ་མོ་བྱུང་ཚེ། དེའི་ཐོན་འབོར་དང་སྤུས་ཀར་གནོད་འཚེ་ཚབས་ཆེན་ཐེབས་ངེས་ཡིན”ཞེས་ལིན་ཧོང་ཞིན་གྱི་དེ་ལྟར་བཤད། སྔོ་སེར་ཆེན་ནི་ལོ་ངོ་མང་པོར་སྐྱེ་བའི་གཟན་རྩྭའི་རིགས་ཤིག་ཡིན་ལ། ཐེངས་གཅིག་བཏབ་རྗེས་ལོ་ངོ་མང་པོར་བསྟུད་མར་བྲེགས་ཆོག་པས། འདེབས་འཛུགས་ཀྱི་མ་རྩ་དང་ངལ་རྩོལ་གྱི་རྩོལ་བ་མང་པོ་གྲོན་ཆུང་བྱེད་ཐུབ། གཟན་རྩྭ་མཁོ་འདོན་གྱི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་པས། རྨ་ལྷོ་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་ལ་ཕན་པའིི་གཟན་རྩྭ་ཞིག་ཏུ་གྱུར།རྒྱུས་ལོན་པ་ལྟར་ན། མིག་སྔའི་ཚོང་རའི་རིན་གོང་ལྟར་ན། སྔོ་སེར་ཆེན་ཏུན་གཅིག་སྒོར1800ནས་སྒོར2000བར་བཙོང་ཐུབ་ལ། མ་རྨོས་ལོ་ཏོག་དང་ཡུག་པོའི་རིན་གོང་ཅུང་དམའ་བ་སྟེ་ཚོང་རའི་རིན་གོང་ཏུན་གཅིག་ལ་ཧ་ལམ་སྒོར1200རེད། དེ་ལས་ཀྱང་སྔོ་སེར་ཆེན་འདེབས་པའི་ཕན་འབྲས་བཟང་བ་ཤེས་ཐུབ།ལིན་ཧོང་ཞིན་གྱིས་གཟན་རྩྭ་ཐོན་ལས་ནི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས་གཟན་རྩྭ་མཁོ་འདོན་གྱི་རྗེས་མ་ཆོད་ཚེ། རོང་འབྲོག་མང་ཚོགས་ཀྱི་གསོ་སྤེལ་གྱི་བརྩོན་སེམས་ཀྱང་མར་ཆག་ངེས་པ་གསལ་པོར་ཤེས་ཡོད། སྔོ་སེར་ཆེན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། ཕྱུགས་ཟོག་ལ་སྔོ་སེར་ཆེན་མང་པོ་ཟ་རྒྱུ་ཡོད་པས། འོ་མའི་ཐོན་ཚད་མོད་ཅིང་ཕྱུགས་ལ་ཤ་ཤེད་རྒྱས་པས་གསོ་སྤེལ་ཕན་འབྲས་མངོན་གསལ་གྱིས་མཐོ་རུ་ཕྱིན་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོའང་དེ་དང་བསྟུན་ནས་ཇེ་མང་དང་། ཐོན་འཕར་འབབ་འཕར་གྱི་ཕུགས་བསམ་ཀྱང་མངོན་འགྱུར་བྱུང་དང་འབྱུང་བཞིན་ཡོད།སྔོ་སེར་ཆེན་ཐོན་ལས་འཕེལ་རྒྱས་ཀྱིས་དེའི་གོང་འོག་གི་འབྲེལ་ཡོད་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བཞིན་ཡོད། སྔོ་སེར་ཆེན་འདེབས་འཛུགས་དང་འབྲེག་པ། ལས་སྣོན་དང་ཕྱིར་འཚོང་། དེ་ནས་ཕྱུགས་ཟོག་གསོ་སྤེལ་དང་ཕྱུགས་ལས་ཐོན་རྫས་སྦྱོར་བཟོ་དང་ཕྱིར་འཚོང་སོགས་ལྷུ་མཚམས་རེ་རེས་ལས་ཞུགས་ཀྱི་གོ་སྐབས་མང་པོ་བསྐྲུན་ནས། ཡུལ་དེའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་སྒོ་གླེགས་ཡངས་པོར་ཕྱེ་ཡོད།“ང་ཚོ་ཧུར་བརྩོན་གྱིས་འགུལ་སྐྱོད་བྱེད་བཞིན་ཡོད། འབྲེལ་ཡོད་ཁེ་ལས་ལ་གཟན་རྩྭ་སྦྱོར་བཟོའི་སྒྲིག་བཀོད་དང་ལག་རྩལ་ནང་དུ་འདྲེན་པར་སྣེ་ཁྲིད་དེ། གསར་དུ་བྲེགས་པའི་སྔོ་སེར་ཆེན་སྔོ་རྩྭ་དང་བསྡམས་རྩྭ། འཚོ་བཅུད་ཕུན་སུམ་ཚོགས་པའི་གཟན་ཆས་རིལ་བུ། དེ་མིན་ལྡད་བདེ་བའི་གཟན་གོར་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སུ་སྒྱུར་བཞིན་ཡོད། དེ་ལྟར་བྱས་ན་སྔོ་སེར་ཆེན་གྱི་སོས་འཛིན་གྱི་ཡུན་བསྲིངས་པར་ཕན་ལ། གསོག་ཉར་དང་སྐྱེལ་འདྲེན་བྱས་ནའང་སྟབས་བདེ་ཡིན་པས། གསོ་སྟངས་སྣ་ཚོགས་ཀྱི་དགོས་མཁོ་བསྐངས་ནས། ཕྱུགས་ལས་གཏན་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་ཐུབ”ཅེས་ལིན་ཧོང་ཞིན་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ནས་དེ་ལྟར་བཤད། །