རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་མགོ་བརྩམས།
ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་མགོ་བརྩམས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཆེན་པོ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་དུ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་མེད་འགན་འཁྲི་ལག་བསྟར་བྱས།
མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་ཆེན་མོ་རུ་གཟབ་རྒྱས་དང་སྤྲོ་སེམས་འཁོལ་བའི་ཡོ་ལང་རབ་ཏུ་རྒྱས་པ་དང་། ཀྲུའུ་ཞིའི་སྟེགས་བུའི་རྒྱབ་ཡོལ་དཀྱིལ་གྱི་རྒྱལ་རྟགས་དང་ཚོགས་ཁང་ཀླད་ཀྱི་སྐར་ལྔ་ཅན་གྱི་གློག་སྒྲོན་འོད་དུ་འཚེར་བཞིན་ཡོད།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་འཐུས་མི2929ཞུགས་དགོས་པ་དང་། ཚེས5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི2880དངོས་སུ་ཞུགས་ཡོད་ཅིང་། མི49ཞུགས་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།
ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།
ལིས་ཆང་གིས་སྙན་ཞུའི་ནང་བསྟན་དོན། འདས་པའི་ལོ་གཅིག་ནང་། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་སྤྱིར་བཏང་ཞིག་མིན་པ་དང་། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཇེ་ཆེ་དང་ནང་ཁུལ་གྱི་དཀའ་ཁག་ཇེ་མང་དུ་སོང་བའི་རྙོག་འཛིང་ཛ་དྲག་གི་གནས་བབ་ལ་ཁ་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ངར་སྐྱེད་མདུན་སྐྱོད་དང་དཀའ་ཁག་ཁྱད་སེལ་བྱས་པས། དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་བརྟན་ཐོག་ཡར་འཕེལ་བྱུང་ལ། ལོ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ཞིང་། རང་རྒྱལ་གྱི་དཔལ་འབྱོར་གྱི་དངོས་ཤུགས་དང་ཚན་རིག་གི་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་རྒྱུན་མཐུད་ངང་ཇེ་ཆེར་སོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་ཐད་གོམ་སྟབས་བརྟན་པོ་དང་གསར་བ་སྤོས་ལ། ང་ཚོའི་དུས་རབས་གསར་བའི་སྐྱོད་ལམ་གསར་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་།
ལིས་ཆང་གིས་སྙན་ཞུའི་ནང་བསྟན་དོན། ལོ་གཅིག་གི་རིང་ལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བརྟན་པོ་བྱས་ལ། ཏང་གི་མགོ་ཁྲིད་དེ་སྲིད་གཞུང་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། གཙོ་བོར་གཤམ་གྱི་བྱ་བ་འདི་དག་བསྒྲུབས་པ་སྟེ། གཅིག་ནི་དུས་ཚོད་དང་གནས་བབ་དང་བསྟུན་ནས་ཆེ་ཕྱོགས་སྙོམ་འཛིན་ལ་ཤུགས་བསྣན་པ་དང་གསར་གཏོད་བྱས་ནས། དཔལ་འབྱོར་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། གཉིས་ནི་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་སྒོ་འབྱེད་རྒྱ་བསྐྱེད་དེ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་ཆེར་བཏང་། གསུམ་ནི་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་། བཞི་ནི་མཁར་གྲོང་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱས་ཏེ། དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྱུར་བྱས། ལྔ་ནི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་སྟེ། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་བཏང་། དྲུག་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རྒྱུན་མཐུད་ངང་ཤུགས་བསྣན་ནས། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་བཏང་། བདུན་ནི་སྲིད་གཞུང་འཛུགས་སྐྲུན་དང་བཅོས་སྐྱོང་གསར་གཏོད་ལ་ཤུགས་བསྣན་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་འཇགས་སྲུང་འཛིན་བྱས།
ལིས་ཆང་གིས་སྙན་ཞུའི་ནང་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པའི་ཞོར་དུ། ང་ཚོས་རང་ཉིད་འཕྲད་པའི་གནད་དོན་དང་འགྲན་སློང་ཡང་གསལ་བོར་ཤེས་དགོས་ལ། ང་ཚོས་དཀའ་ངལ་དང་གནད་དོན་ལ་གདོང་གཏོད་དགོས་པར་མ་ཟད་འཕེལ་རྒྱས་ཀྱི་ཡིད་ཆེས་དེ་སྔར་ལས་བརྟན་པོར་གཏོང་དགོས།
ལིས་ཆང་གིས་སྙན་ཞུའི་ནང་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་བརྒྱ་ཆའི་ལྔ་ཡས་མས་ཡིན་པ་དང་། མཁར་གྲོང་གི་ལས་ཤོར་ཞིབ་བཤེར་གྱི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡས་མས་ཡིན་པ། མཁར་གྲོང་གི་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་བྱེ་བ་གཅིག་ས་ཡ་གཉིས་ཡན་ལ་འབུད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་ཐང་བརྒྱ་ཆའི་གཉིས་ཡས་མས་སུ་འཕར་བ། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་དུས་མཉམ་ཡིན་པ། རྒྱལ་སྤྱིའི་འགྲོ་སོང་དང་ཡོང་སྒོ་གཞི་རྩའི་ཆ་ནས་དོ་སྙོམ་ཡོང་བ་སྲུང་འཛིན་བྱེད་དགོས། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བཞི་ཡས་མས་ཡིན་པ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་ཁུངས་ཟད་གྲོན་བརྒྱ་ཆའི་གསུམ་ཡས་མས་ཇེ་དམའ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱ་དགོས་པ་བཅས་ཡིན།
ལིས་ཆང་གིས་སྙན་ཞུའི་ནང་བསྟན་དོན། ད་ལོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བཟང་པོ་བྱེད་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དམ་འཛིན་བྱེད་དགོས་ལ། སྤུས་ཚད་ལ་བརྟེན་ནས་གྲུབ་འབྲས་ལེན་པ་དང་གཞི་ཁྱོན་གྱི་ཕན་ནུས་འདོན་སྤེལ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་གཏོང་བ་དང་གྲངས་ཚད་འོས་འཚམ་གྱིས་འཕར་བ་མངོན་འགྱུར་བྱེད་དགོས།
ལིས་ཆང་གིས་སྙན་ཞུའི་ནང་བསྟན་དོན། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི། ང་ཚོས་གཙོ་གནད་འབུར་དུ་ཐོན་པ་དང་གནད་འགག་དམ་འཛིན་བྱེད་དགོས་ན། གཙོ་བོ་གཤམ་གྱི་ཕྱོགས་འགའི་ལས་དོན་ཡག་པོར་བསྒྲུབ་དགོས་ཏེ། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་མཐོར་འདེགས་དང་དངུལ་གཏོང་ཕན་ནུས་ཇེ་མཐོར་གཏོང་བ་དང་། ཕྱོགས་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་དགོས། ཚན་རིག་སློབ་གསོས་རྒྱལ་ཁབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་གི་སྤྱིའི་ཕན་ནུས་མཐོ་རུ་གཏོང་དགོས། མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་མགྱོགས་མྱུར་ངང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་སྣེ་ཁྲིད་ནུས་པ་སྔར་ལས་ལེགས་པོར་འདོན་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་འཇགས་ཡོང་བར་བྱེད་དགོས། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱས་ནས་མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་ཚད་མཐའ་བརྟན་སྲུང་བྱ་དགོས། “ཞིང་གསུམ”བྱ་བ་ཤུགས་ཆེན་པོས་དམ་འཛིན་བྱས་ཏེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་བར་སྟོང་གི་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་དགོས། ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད་གཏོང་བར་མཉམ་དུ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས།
སྙན་ཞུའི་ནང་ལིས་ཆང་གིས་ད་དུང་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་དང་། མི་རིགས་ཆོས་ལུགས་དང་ཕྱིར་སྡོད་རང་མིའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨའོ་མིན་འཕེལ་རྒྱས་དང་འགྲམ་གཉིས་ཀྱི་འབྲེལ་བ། དེ་མིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ལ་ཤུགས་སྣོན་པའི་སྐོར་ནས་རྒྱས་བཤད་གནང་།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་ནས། ཚོགས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས།
ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད་པའི་མགོ་ཁྲིད་བློ་མཐུན་ལ་ད་དུང་མཱ་ཞིན་རོས་དང་ཝང་དབྱི། དབྱིན་ལིས། ལིའུ་གོ་ཀྲུང་། ལིས་ཀན་ཅེ། ལིས་ཧྲུའུ་ལེ། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝུན་ཆིན། ཁྲིན་ཅི་ཉིང་། ཁྲིན་མེན་ཨར། ཡོན་ཅ་ཅུན། ཧོང་ཁུན་མེན། ལིའུ་ཅིན་གོ། ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་། ཧུའུ་ཁྲུན་ཧྭ། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆིང་། འཕགས་པ་ལྷ·དགེ་ལེགས་རྣམ་རྒྱལ། ཧི་ཧུའུ་ཧྭ། ལེང་ཀྲིན་དབྱིན། པཱ་ཐིར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥུན། ཅང་ཞིན་ཀྲི། ཅང་ཙའོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལིས་དང་ཀྲང་ཧྲིན་མེན་སོགས་ཡོད།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིས་ཅཱ་ཁྲའོ་དང་། ཨའོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚཱན་ཧོ་ཧུའེ་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བསྡད་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་མི་སྣ་བཅས་ཚོགས་ཆེན་ལ་ཟུར་ཞུགས་དང་ཡང་ན་ཟུར་ཉན་བྱས།
ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།