མཚོ་སྔོན་གྱིས་རྒུད་གསབ་ལས་སྤྲོད་བྱེད་པའི་ཀྲུང་དབྱང་གི་རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར2.95དངོས་འབེབས་བྱས་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་འབྱོར་བའི་གཏམ་བཟང་ལྟར་ན། ཞིང་ཆེན་ནོར་སྲིད་ཐིང་གིས2025ལོའི་རྒུད་གསབ་ལས་སྤྲོད་བྱེད་པའི་ཀྲུང་དབྱང་གི་རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར2.95དངོས་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ཀྱི་རྫོང་དང་ཆུས19ལ་ཆུ་མཁོ་འདོན་དང་ཕྱིར་འཕུད་བྱེད་སའི་སྦུ་གུའི་དྲ་བ་དང་བགྲོད་ལམ་སོགས་ཞིང་སྡེ་ཡི་རྨང་གཞིའི་སྒྲིག་བཀོད་ཆུང་འབྲིང་ཅན་འཛུགས་སྐྲུན་ལག་བསྟར་བྱས། སྔོན་རྩིས་ལྟར་ན་ངལ་རྩོལ་གླ་ཕོགས་སྒོར་དུང་ཕྱུར0.93སྟེར་འཆར་ཡོད་པ་དང་། ས་གནས་ཀྱི་ངལ་རྩོལ་པ་མི་གྲངས3078བསྡུ་རྩིས་ཡོད། རྒུད་གསབ་ལས་སྤྲོད་བྱེད་པའི་ཀྲུང་དབྱང་གི་རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་དངོས་འབེབས་བྱས་པ་དེས། ས་གནས་ཀྱི་ཞིང་སྡེའི་ངལ་རྩོལ་པ་དང་ཡོང་འབབ་དམའ་བའི་མི། ལས་ཞུགས་དཀའ་བའི་ཚོགས་པ་གཞན་པ་སོགས་ལས་གཞི་འཛུགས་སྐྲུན་ནང་ཞུགས་སུ་བཅུག་པ་དང་། ཐག་ཉེ་ས་ནས་ལས་ཞུགས་བྱས་ཏེ་ཡོང་སྒོ་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས་པས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པར་ནུས་པ་གང་ལེགས་ཐོན་ཡོད། ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་རིགས་ཀྱི་འགན་འཁུར་སྡེ་ཁག་ལ་འབྲེལ་འདྲིས་སྦྲེལ་མཐུད་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། ལས་གཞིའི་འཆར་འགོད་གསོག་ཉར་སོགས་ཀྱི་བྱ་བར་རམ་འདེགས་བྱས་ནས་ལེགས་པོར་བསྒྲུབས་ཏེ། ཀྲུང་དབྱང་མ་དངུལ་གྱིས་རང་ཞིང་ལ་སྔར་ལས་ཆེ་བའི་རྒྱབ་སྐྱོར་བྱེད་ཤུགས་ཧུར་ཐག་གིས་བརྩོན་ལེན་བྱས། དུས་མཚུངས་སུ། མ་དངུལ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་དང་། ཀྲུང་དབྱང་གི་རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་བེད་སྤྱོད་བྱས་པའི་ཕན་འབྲས་འདོན་སྤེལ་གང་ལེགས་ཡོང་བར་ཁག་ཐེག་བྱས། །