2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རུ་འཁྱུར་དམག་མི་དང་ཁྱིམ་མིའི་ལས་ཞུགས་ཀྱི་དཔྱིད་དུས་ཆེད་དོན་གདན་འགུག་ཚོགས་འདུ་བསྡུས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས22ཉིན། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རུ་འཁྱུར་དམག་མི་དང་དམག་མིའི་ཁྱིམ་མིའི་ལས་ཞུགས་ཀྱི་དཔྱིད་དུས་ཆེད་དོན་གདན་འགུག་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། མཚོ་སྔོན་གྱི་རུ་འཁྱུར་དམག་མིའི་ལས་ཞུགས་དྲ་ཚིགས་བཀོལ་ནས། རུ་འཁྱུར་དམག་མིའི་སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་སྤུས་ལེགས་གར་སྟེགས་ཆེན་པོ་བསྐྲུན།
ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་གྱི་རུ་འཁྱུར་དམག་མི་ལས་དོན་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དམག་ཁུལ་ཆབ་སྲིད་ལས་དོན་ཅུ་ཡིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། དྲ་ཐོག་དང་ཡུལ་དངོས་ནས་མཉམ་དུ་སྤེལ། ཡུལ་དངོས་གདན་འགུག་ཚོགས་འདུའི་སྟེང་། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་བརྒྱད་དང་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་ཁེ་ལས་ཉིས་བརྒྱ་ཡིས་ལས་བཀོལ་ལས་གནས་ལྔ་བརྒྱ་བཅུ་གཅིག་དང་ལས་བཀོལ་འཆར་གཞི་ཉིས་སྟོང་བརྒྱ་དང་ང་བརྒྱད་འདོན་སྤྲོད་བྱས་ནས། རུ་འཁྱུར་དམག་མི་དང་དམག་མིའི་ཁྱིམ་མིའི་ཆེད་དོན་གདན་འགུག་ལ་དམིགས་པ་དང་། གདན་འགུག་ལས་གནས་དེ་ལྗང་མདོག་རྩིས་ནུས་དང་སྐྱེ་ཁམས་སྲུང་སྐྱོབ། རིག་གནས་གནས་སྐོར། གྲོང་གསེབ་དར་སྤེལ་སོགས་ལས་རིགས་མང་པོར་འབྲེལ་ཡོད་པར་བརྟེན། ཕྱིར་ཡུལ་ལ་ལོག་པའི་རུ་འཁྱུར་དམག་མི་མང་པོས་ལས་བཀོལ་ལས་གནས་ཀྱི་བླང་བྱ་དང་གླ་ཕོགས་ཐོབ་ཐང་གི་གནས་ཚུལ་ཞིབ་མོར་དྲིས་ཤིང་། ཕུལ་བྱུང་དམག་མིའི་གསར་གཏོད་ཁེ་ལས་ཀྱི་ལས་གཏོད་གསར་གཏོད་ཀྱི་གྲུབ་འབྲས་གསར་བར་ནན་ཏན་སྒོས་རྒྱུས་ལོན་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་བ་གསར་བར་ཞུགས། དྲ་ཐོག་གདན་འགུག་ཆེད་དོན་ཚོགས་ར་རུ། ཁེ་ལས་སུམ་བརྒྱ་ལྔ་བཅུ་ཡིས་ཞིང་ཆེན་ཡོངས་ཀྱི་རུ་འཁྱུར་དམག་མི་དང་དམག་མིའི་ཁྱིམ་མིར་དམིགས་ནས་དུས་ཡུན་ཟླ་གཅིག་རིང་གི་ཆེད་དོན་གདན་འགུག་སྤེལ་བ་དང་། ལས་ཞུགས་གོ་སྐབས་འདོན་སྤྲོད་ལེགས་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་གུས་བཀུར་གྱི་སྣང་ཚུལ་ལེགས་པོ་བསྐྲུན།
ཞིང་ཆེན་གྱི་རུ་འཁྱུར་དམག་མི་ལས་དོན་ཐིན་གྱིས་ཐེངས་འདིའི་གདན་འགུག་གོ་སྐབས་སྤྱད་དེ། མཚོ་སྔོན་གྱི་རུ་འཁྱུར་དམག་མིའི་ལས་ཞུགས་ཞེས་པའི་ཆ་འཕྲིན་སྟེགས་བུ་ཁྱབ་བསྒྲགས་བེད་སྤྱོད་བྱས་པ་དང་། སྟེགས་བུར་རུ་འཁྱུར་དམག་མི་དང་། ཁེ་ལས་ཀྱི་འཛད་སྤྱོད་མཁན། སྤྲིན་རྩིས་བཅས་ཀྱི་ཁུངས་སྣེ་གསུམ་བཀོད་སྒྲིག་བྱས་ལ། རུ་འཁྱུར་དམག་མིའི་རྩ་བའི་ཆ་འཕྲིན་འཚོལ་བསྡུ་དང་ལས་ཞུགས་ལས་གནས་མཚམས་སྦྱོར། སྲིད་ཇུས་ཀྱི་དཀའ་གནད་ཐག་གཅོད་དང་དྲི་བར་ལན་འདེབས་པ། དྲ་ཐོག་གི་སློབ་གསོ་གསོ་སྦྱོང་སོགས་ཀྱི་བྱེད་ནུས་རྣམ་པ་འདུས་པས། གཞི་གྲངས་ཆེན་མོར་བརྟེན་ནས་རུ་འཁྱུར་དམག་མིའི་ལས་ཞུགས་གནས་ཚུལ་ལ་དབྱེ་ཞིབ་བྱེད་ཐུབ་པ་དང་། སོ་སོར་འཚམ་པའི་སློབ་གསོ་གསོ་སྦྱོང་གི་ནང་དོན་གཏན་འཁེལ་བྱེད་ཐུབ་ལ། སོ་སོའི་ནུས་པར་འཚམ་པའི་ལས་ཞུགས་ལས་གནས་འོས་སྦྱོར་བྱེད་ཐུབ་ཅིང་། མཉམ་འབྲེལ་དྲ་རྒྱ་དང་རུ་འཁྱུར་དམག་མིའི་ཞབས་ཞུའི་རྣམ་པ་གསར་བ་གསར་གཏོད་དང་སྐུལ་འདེད་བཏང་སྟེ། གནད་འཁེལ་ཅན་དང་ཞིབ་ཕྲ་ཅན་གྱི་ལས་ཞུགས་ལས་གཏོད་ཞབས་ཞུ་མངོན་འགྱུར་བྱས།
ད་ལོའི་ཚུན་ལ། ཞིང་ཆེན་གྱི་རུ་འཁྱུར་དམག་མིའི་ལས་དོན་ཐིན་གྱིས་རུ་འཁྱུར་དམག་མིའི་ལས་དོན་ཁྱབ་ཁོངས་བཅོས་སྒྱུར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། བྱ་བའི་སྤུས་ནུས་མཐོར་འདེགས་ལོའི་བྱ་འགུལ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་བསམ་བློ་ཆབ་སྲིད་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་། གཉིས་བཀུར་གྱི་སྟོབས་ཤུགས་གཅིག་སྡུད། ལས་ཞུགས་སྲ་བརྟན་ཞབས་ཞུ་བཅས་ཀྱི་ཚོང་རྟགས་བསྐྲུན་པ་དང་། མི་སྣའི་གནད་འཁེལ་དོ་དམ་དང་ཐོབ་ཐང་ཞིབ་ཕྲའི་སྒོ་ནས་དངོས་འབེབས་བྱེད་པའི་བྱ་བའི་མ་དཔེ་བཙུགས་ཏེ། དངོས་སྒྲུབ་དངོས་འབྲས་དངོས་ཕན་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་།རུ་འཁྱུར་དམག་མིའི་ལས་ཞུགས་ལས་གཏོད་ལ་རོགས་ཤུགས་འདོན་པ་དེ་རེད།