མཐོ་རིམ་སློབ་གྲྭས་དུས་རབས་གསར་པའི་མི་གཞི་སྐྱོང་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས།

ཀྲང་ཏུང་ཀེང་གིས་བརྩམས། ལུང་རྟོགས་ཀྱིས་བསྒྱུར།
发布时间:2025年04月22日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་ནི་ཏང་གི་ལས་དོན་བྱ་གཞག་རྒྱུན་འཛིན་དང་། རྒྱལ་ཁབ་ཀྱི་འབྱུང་འགྱུར་ལས་དབང་ལ་འབྲེལ་བ་ཡོད་པར་མ་ཟད། རྒྱ་ཆེའི་ན་གཞོན་སློབ་མ་ཚོའི་བདེ་ཐང་གི་འཚར་ལོངས་ལའང་འབྲེལ་བ་དམ་པོ་ཡོད། དུས་རབས་གསར་པའི་མི་གཞི་སྐྱོང་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་གནང་བའི་བཀོད་སྒྲིག་གལ་ཆེན་དང་།《སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་འཆར་འགོད་རྩ་འཛིན(2024—2035ལོ)》གྱི་གླེང་གཞིས་བསྟན་པའི་བྱེད་ཐབས་གལ་ཆེན་ཡིན་ལ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི“ལས་གཞི་དང་པོ”ཡང་ཡིན།

མཐོ་རིམ་སློབ་གསོ་ནི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་སྣེ་འདྲེན་ཡིན་པས། སློབ་གསོའི་ཆབ་སྲིད་ངོ་བོ་དང་མི་དམངས་ངོ་བོ། འཐབ་ཇུས་ངོ་བོ་བཅས་ངེས་པར་དམ་འཛིན་བྱས་ཏེ། ཏང་གི་ཆེད་དུ་བློ་དཀར་མི་སྣ་གསོ་སྐྱོང་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་རྒྱུན་འཁྱོངས་བྱེད་དགོས། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཐབས་ལམ་དང་ནང་དོན་ཇེ་ལེགས་དང་། བྱེད་ཐབས་དང་གྲུབ་ཚུལ་འཐུས་ཚང་དུ་བཏང་སྟེ། དུས་རབས་གསར་པའི་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་ལས་གཞི་ལག་བསྟར་དོན་འཁྱོལ་ཡོང་བར་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་དགོས།

ཏང་གི་གསར་གཏོད་གཞུང་ལུགས་ཀྱི་འགྲེལ་བརྗོད་ལ་མུ་མཐུད་ནས་ནུས་ཤུགས་བཏོན་ཏེ། གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་བ།

ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་གཞི་རྩ་ནི་ཏང་གི་གསར་གཏོད་རིགས་གཞུང་ལ་བརྟེན་ནས་བླ་སྲོག་བསྐྲུན་ཞིང་། བློ་འབྱེད་སེམས་སྐྱོང་བྱེད་རྒྱུ་དེ་རེད། མཐོ་རིམ་སློབ་གྲྭས་རིག་གཞུང་ཞིབ་འཇུག་གི་ལེགས་ཆ་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མ་ལག་དང་། རིག་གཞུང་ཞིབ་འཇུག་དང་འགྲེལ་བརྗོད་ལ་ཤུགས་བཏོན་ཏེ།ཏང་གི་གསར་གཏོད་རིགས་གཞུང་ལ་གོ་སྐོན་བློ་འགུག་གི་ནུས་པ་དང་བདེན་དོན་གྱི་ནུས་པ་སྔར་ལས་ལེགས་པོ་ལྡན་པར་བྱེད་དགོས། དེའི་རྨང་གཞི་ནི་སློབ་དོན་ཁྲིད་དཔྱོད་མི་སྣ་རྩ་འཛུགས་བྱས་ཏེ“གཏན་འཁེལ་བཅུ”དང“རྒྱུན་འཁྱོངས་བཅུ་བཞི”བཅས་ཀྱི་གཏིང་རིམ་པའི་དོན་རྟོགས་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ཁྲོད་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ཤེས་བཅས་ཁ་གསལ་གོ་བདེའི་ངང་བརྗོད་དགོས།

དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་འདོད་བློ་ཤེས་རྒྱུ་གལ་ཆེ། ཏང་གི་གསར་གཏོད་རིགས་གཞུང་གིས་ལག་ལེན་ལ་མཛུབ་སྟོན་དང་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་གནད་ལ་འཁེལ་བར་འཚོལ་ཞིང་། ཞིབ་འཇུག་ལ་སྣེ་ཁྲིད་བྱས་ཏེ། མང་ཚོགས་ཀྱིས་སྲིད་ཇུས་ཤུགས་ཀྱི་གཞུང་ལུགས་ཀྱི་རྒྱབ་རྟེན་ལ་ཤེས་རྟོགས་དང་ ཤེས་འདོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ལ་ཞིབ་འཇུག་བྱས་ཏེ། རིགས་གཞུང་ལ་བརྟེན་ནས་ཆབ་སྲིད་ལ་དོ་སྣང་བྱེད་པ་དང་། དོན་དངོས་ལ་བརྟེན་ནས་གནས་ལུགས་བཤད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་གཞི་རྩའི་ལས་འགན་དོན་འཁྱོལ་ཡོང་བར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་དང་། གཞུང་ལུགས་ཀྱི་རམ་འདེགས་འདོན་སྤྲོད་བྱེད་དགོས།

རང་བདག་གི་ཤེས་བྱའི་མ་ལག་འཛུགས་སྐྲུན་ཐད་རང་འགུལ་སྒོས་བྱ་བ་བསྒྲུབས་ཏེ། རིག་གཞུང་ཐོན་ཁུངས་སྔོག་འདོན་བྱེད་པ།

ཀྲུང་གོའི་རང་བདག་གི་ཤེས་བྱའི་མ་ལག་གིས་ཀྲུང་གོའི་གནས་ལུགས་མངོན་ཡོད་ལ། ཀྲུང་གོའི་བཅོས་སྐྱོང་མཚོན་གྱིན་ཡོད། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བར་ཕུན་སུམ་ཚོགས་པའི་བསམ་བློའི་ཐོན་ཁུངས་དང་རིགས་གཞུང་གཏེར་ཁ་འདོན་སྤྲོད་བྱས་ཡོད།

མཐོ་རིམ་སློབ་གྲྭ་ནི་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི“ལམ་ལྔའི་དཔུང་ཆེན”ནང་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་བར་དམིགས་ནས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འཛུགས་སྐྲུན་ལས་གཞི་སྐུལ་སྤེལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དུ་བཟུང་སྟེ། རིག་ཚན་སོ་སོའི་ཁྱད་ཆོས་ཅན་གྱི་དོན་སྤྱི་དང་སྲོལ་འབྱེད་རང་བཞིན་གྱི་གཞུང་ལུགས་རྐང་འཛིན་ཡིན་པའི་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་གི་ཤེས་བྱའི་མ་ལག་ཅིག་གྲུབ་པར་བྱེད་དགོས།

རིག་གནས་རང་རྟོན་ཇེ་དྲག་ཡོང་བར་དམིགས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་འདུས་པའི་མི་ཆོས་བསམ་བློ་གང་མང་སྔོག་འདོན་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་དེ་གསར་གཏོད་རང་བཞིན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། སློབ་གསོའི་ཐོན་ཁུངས་དང་སློབ་གསོའི་རྣམ་པ། སློབ་གསོའི་སྐྱེ་ཁམས་བཅས་ཇེ་ལེགས་སུ་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བསམ་བློ་ཆབ་སྲིད་ཀྱི་སློབ་ཐུན་ལེགས་པོར་བཀོལ་དགོས་ལ། དེ་ངེས་པར་དོན་དངོས་དང་ཟུང་དུ་འབྲེལ་དགོས”པ་ནན་གྱིས་བསྟན་ཡོད། མཐོ་རིམ་སློབ་གྲྭའི་ཉམས་མྱོང་དང་བྱེད་ཐབས་ཡག་པོ་ཁ་ཤས་ཕྱོགས་བསྡོམས་དང་ཁྱབ་གདལ་གཏོང་བར་དོ་སྣང་བྱས་ཏེ། ལག་ལེན་སློབ་གསོའི་ཤུགས་སྣོན་ལ་མཐོང་ཆེན་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དེ་ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་གྱི་ལས་རིམ་དང་པོར་རྒྱ་བསྐྱེད་དགོས།

བྱེད་ཐབས་སྣ་མང་ལ་བརྟེན་ནས་སློབ་མ་རྣམས་སློབ་དེབ་དང་སློབ་ཁང་ནས་བུད་དེ། ལག་ལེན་ཁྲོད་ནས་ཉམས་ལེན་དང་ཉམས་ལེན་ཁྲོད་ནས་ཡར་སྐྱེད་ཡོང་བར་བྱེད་དགོས། རིག་གནས་སློབ་གསོར་ཤུགས་བསྣན་ཏེ། གསར་བརྗེའི་རིག་གནས་སློབ་རར་བསྐྱོད་པར་སྐུལ་སྤེལ་དང་། སློབ་རའི་རིག་གནས་གསོ་སྐྱོང་བྱེད་དགོས།

དྲ་རྒྱའི་སློབ་གསོར་ཤུགས་བསྣན་ཏེ། AIདང་གཞི་གྲངས་ཆེན་མོ་སོགས་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་ཁྲིད་ཁྲོད་ཇི་ལྟར་ཉེར་སྤྱོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་དང་། ཁྱད་ཆོས་ཅན་གྱི་སློབ་ཁྲིད་དང་ཁྲིད་སྟོན་མངོན་འགྱུར་བྱས་ཏེ། དྲ་རྒྱའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་བར་སྟོང་རྒྱ་བསྐྱེད་དགོས། གཞི་གཅིག་ཅན་གྱི་སློབ་གསོར་ཤུགས་བསྣན་ཏེ། ལོ་རིམ་མི་འདྲ་བའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་ཚན་གཅིག་གྱུར་འཆར་འགོད་དང་། མཉམ་སློབ། མཉམ་ཁྲིད། མཉམ་དཔྱད། མཉམ་སྤྱོད་ཀྱི“སློབ་ཁྲིད་ཐུན་མོང་ཚོགས་པ”འཛུགས་སྐྲུན་བྱས་ཏེ། སློབ་སྦྱོང་གི་རིམ་པ་མི་འདྲ་བ་དང་། སློབ་གསོའི་གཞི་རྟེན་མི་འདྲ་བ། སློབ་གསོའི་རྣམ་པ་མི་འདྲ་བའི་བར་ཕན་ཚུན་མཉམ་གནས་ཀྱི་རྣམ་པ་ཞིག་གྲུབ་པར་བྱེད་དགོས།

སློབ་གྲྭ་འཛུགས་སྐྱོང་གི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ།

དུས་རབས་གསར་པར་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་ལས་གཞི་ལག་བསྟར་ཡོང་བར་སྐུལ་སྤེལ་དང་། མཐོ་རིམ་སློབ་གྲྭས་ཕྱོགས་བསྡུས་བཅོས་བསྒྱུར་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་ན། ད་གཟོད་མདུན་གྲལ་དུ་བསྐྱོད་ཐུབ་ལ་དཔེ་སྟོན་ཡང་བྱེད་ཐུབ།

བསླབ་ཚན་བཅོས་བསྒྱུར་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བརྗོད་སྙིང་ཡིན་པའི་བསླབ་ཚན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱབ་ཁོངས་མི་འདྲ་བའི་དགོངས་པ་གལ་ཆེན་རེ་རེར་བསླབ་ཚན་བཙུགས་ནས། དངོས་གཞི་དང་། རབ་འབྱམས་འབུམ་རམས་ཀུན་ལ་ཁྱབ་པའི“ངེས་སྦྱོང+འདེམས་སྦྱོང”གི་བསམ་བློ་ཆབ་སྲིད་ཀྱི་བསླབ་ཚན་མ་ལག་ཅིག་བསྐྲུན་དགོས།

སློབ་ཁྲིད་གསར་བཅོས་ཐད་ནས། སློབ་ཁྲིད་ལ་གྲ་སྒྲིག་དང་སློབ་ཁྲིད་ལ་ཉན་པ། སློབ་ཁྲིད་ཀྱི་སྤུས་ཚད་ལྟ་སྐུལ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ལོགས་སུ་བཀར་བ། དམིགས་ཚད་ལོགས་བཀར་གྱིས་གདེང་འཇོག་དཔྱད་ཞིབ་དང་བྱ་དགའི་ལམ་སྲོལ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། སློབ་གྲྭ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ཚང་མ་བསམ་བློ་ཆབ་སྲིད་སློབ་ཐུན་ལ་ཞུགས་པའི་ལམ་ལུགས་འཛུགས་དགོས།

བཅོས་སྐྱོང་བསྒྱུར་བཅོས་ཐད་ནས། སློབ་གྲྭ་དང་སློབ་གླིང་གི་རིམ་པ་གཉིས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་གཏོང་བ་དང་། བཅོས་སྐྱོང་གི་སྒྲིག་གཞི་ལུགས་མཐུན་ཅན་དང་། བཅོས་སྐྱོང་གི་གོ་རིམ་ཡང་དག་ཅན། བཅོས་སྐྱོང་གི་ལག་ཆ་གཞི་གྲངས་ཅན་དུ་འགྱུར་བར་སྐུལ་སྤེལ་བཏང་སྟེ། དུས་རབས་གསར་པར་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་ལས་གཞི་ལག་བསྟར་ཡོང་བར་བཅོས་བསྒྱུར་སྒུལ་ཤུགས་ཟམ་མི་ཆད་པ་འདོན་དགོས། །