AIངོ་སྤྲོད།
发布时间:2025年04月28日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། གངས་རྒྱན་ན་ཆུང་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

པེ་ཅིན་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་དང་ཁོར་ཡུག་སློབ་གླིང་། 

ཟླ་བ་ལྷ་མོ།

གྲོགས་པོ་ཆུང་ཆུང་ཚོ། དེ་རིང་ངས་ཁྱོད་ཚོར་གྲོགས་པོ་གསར་བ་ཞིག་ངོ་སྤྲོད་བྱེད། ངས་གྲོགས་པོ་དེའི་མིང་ལ་ཤེས་རིག་རྒྱ་མཚོ་ཞེས་འབོད་ཀྱིན་ཡོད། དེ་ནི་དེང་སང་བཀོལ་ཁྱབ་ཧ་ཅང་རྒྱ་ཆེ་བའིAIའམ་ཡང་ན་ང་ཚོས་རྒྱུན་པརམིས་བཟོས་རིག་ནུསཞེས་འབོད་ཀྱིན་པ་དེ་ཡིན།  གྲོགས་པོ་ཚོ། ཁྱོད་ཀྱིསAIཞེས་པ་དེ་ག་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད། དེ་ནི་ཞོགས་པར་ཡར་ལང་དུས་ཀྱི་རིག་ནུས་དུས་ཚོད་དེ་ཡིན་ནམ། ཡང་ན་ཚོང་ཁང་ནང་གི་རང་འགུལ་རྩིས་ལེན་མཉེན་ཆས་དེ་ཡིན། ཡང་ན་རིག་ནུས་ཁ་པར་ནང་གི་སྐད་ཆའི་མཉེན་ཆས་དེ་ཡིན། ཡང་ནAIརི་མོའི་མཉེན་ཆས་དེ་ཡིན།

དངོས་པོ་གསར་བར་གསལ་བཤད་བྱེད་དགོས་པའི་ཆོས་ཉིད་བཞིན། ཐོག་མརAIཡི་ཐ་སྙད་འདོགས་ཚུལ་དང་། དེའི་འཕེལ་རིམ་དང་དབྱེ་བ། ཁྱད་ཆོས་བཅས་ངོ་སྤྲོད་རགས་ཙམ་བྱེད།

དང་པོ།  AIའམམིས་བཟོས་རིག་ནུསཀྱི་མིང་འདོགས་སྟངས།

ཡོངས་ཁྱབ་ཏུ་སྤྱོད་བཞིན་པའིAIཞེས་པ་ནི་བསྡུས་མིང་ཞིག་སྟེ། དཔེར་ན་བཀྲ་ཤིས་རྒྱ་མཚོ་ལ་བཀྲ་རྒྱ་ཞེས་བསྡུས་པ་ལྟ་བུ། AIཡི་མིང་ཧྲིལ་བོརArtificial Intelligenceཟེར་ཞིང་། མིང་དེ་ནིArtificialདངIntelligenceགཉིས་ཀྱིས་གྲུབ་པའི་བཏགས་མིང་ཡིན།  དེ་ལསArtificialཞེས་པ་བོད་སྐད་དུ་མིས་བཟོས་ཞེས་སྒྱུར་གྱིན་ཡོད། ཐ་སྙད་འདིའི་ཐོག་མའི་འབྱུང་ཁུངས་ནི་ལ་ཏིང་ཡི་གེའིལག་རྩལདང་འབྲེལ་ཞིང་། ནང་དོན་གཙོ་བོ་ནིལག་རྩལ་ལམ་མིས་བཟོསཞེས་པས་རང་བྱུང་མ་ཡིན་པར་མིའི་རྩོལ་བ་ལ་བརྟེན་ནས་བྱུང་བར་གོ །དཔེར་ན་རང་བྱུང་གི་རྡོ་རྗེ་ཕ་ལམ་དང་མིས་བཟོས་ཕ་ལམ་ལྟ་བུ། དེ་ནསIntelligenceཞེས་པ་བོད་སྐད་དུ་ཤེས་རིག་དང་། རྒྱ་སྐད་དུ་རིག་ནུས་ལ་གོ །ཐ་སྙད་འདིའི་གྲུབ་ཚུལ་ལ་དཔྱད་ན། བརྡ་འཕྲིན་མང་བོ་འཕྲོད་ནས་གདམ་ཀ་བྱེད་པའི་ནུས་པ་མཚོན་ལ། དམིགས་དོན་གཙོ་བོ་ཤེས་རབ་དང་ཁྱད་པར་འབྱེད་པའི་དོན། ད་ལྟ་རྒྱལ་ཡོངས་སུAIལ་རྒྱ་སྐད་ཀྱིསམིས་བཟོས་རིག་ནུསཟེར་གྱིན་ཡོད། དེ་ལསམིས་བཟོསཞེས་པས་མིས་བཟོས་པ་དང་ལྷན་སྐྱེས་བློ་རིག་སྟེ། དཔེར་ན་སྐྱེ་བོའི་བློ་རིག་དང་མི་འདྲ་བར་ཁྱད་པར་ཆེ་བ་མཚོན་པ་རེད།

རྒྱ་སྐད་དང་དབྱིན་སྐད་ཀྱི་སྟེང་ནསAIཡི་མིང་འདོགས་སྟངས་ཀྱི་ཁྱད་པར་ལ་དཔྱད་ན། རྒྱ་ཡིག་གིསམིས་བཟོས་རིག་ནུསཟེར་བས། དེའི་ཤུགས་བསྟན་དུ་མིའི་རིགས་གཙོ་བོ་དང་ལྟེ་བར་བཟུང་ཡོད་ལ། དབྱིན་སྐད་ཀྱིསལག་རྩལ་གྱི་གོ་རིམགཙོ་བོར་བཟུང་ཡོད་པ་ཡིན། ཡང་དེའི་མིང་གཞན་ལ་འཕྲུལ་ཆས་ཤེས་རིག་དང་བསྲེས་སྦྱོར་ཤེས་རིག་ཟེར་བའང་ཡོད། མདོར་ན། AIསྟེ་མིས་བཟོས་རིག་ནུས་ཞེས་པའི་མིང་འདིསགྲངས་ཀ་དང་བརྩི་ཐབས་བཀོལ་ནས་མིའི་ཤེས་རིག་མཚོན་པཞེས་པའི་ལག་རྩལ་རང་བཞིན་གསལ་བོར་མཚོན་ཡོད།  ང་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བེད་སྤྱོད་ཀྱི་གནས་ཚུལ་ལ་དམིགས་ནས་རང་དང་འཚམ་པའི་མིང་བཏགས་ཆོག་སྟེ།  དཔེར་ན། བྱིས་པའི་སློབ་གསོའི་ཁྱབ་ཁོངས་སུ་དེའི་མིང་ལ་ཤེས་རིག་གྲོགས་ཆུང་ཞེས་བོས་ཀྱང་ཆོག་པ་ཡིན།

གཉིས་པ། AIཡི་འཕེལ་རིམ་དང་དབྱེ་བ།

AIཡི་དབྱེ་བ་ནི་རྒྱ་མཚོའི་ཆུ་བོ་ལྟར་རིམ་བཞིན་ཡར་འཕེལ་བྱུང་བ་ཡིན་ཏེ། AIརབས་དང་པོ་ནི་ལས་ཀ་སྣ་གཅིག་ཐག་གཅོད་བྱེད་པའི་མིས་བཟོས་རིག་གཉོམ་སྟེ་བསྡུས་མིང་ལNAIཞེས་པ་དེ་ཡིན། དཔེར་ན།  ཁྱོད་ཀྱི་རིག་ནུས་ཁ་པར་ནང་གི་གནམ་གཤིས་སྔོན་བརྡ་གཏོང་བའི་རིག་ནུས་མ་ལག་ལྟ་བུ། AIརབས་གཉིས་པ་ནི་ལས་ཀ་སྣ་མང་ཐག་གཅོད་བྱེད་མཁས་ཀྱིཡོངས་མཁསཅན་བསྡུས་མིང་ལAGIསྟེ་སྤྱི་སྤྱོད་མིས་བཟོས་རིག་ནུས་དེ་ཡིན། དཔེར་ན། ཁྱོད་ཀྱི་ལས་བྱ་ཁྲིད་སྟོན་བྱེད་ཐུབ་པའི་རིག་ནུས་མ་ལག་ལྟ་བུ། AIརབས་གསུམ་པ་ནི་མ་འོངས་པའི་མིས་བཟོས་རིག་ནུས་ཏེ་བསྡུས་མིང་ལASIཞེས་པ་དེ་ཡིན། དེར་གསར་གཏོད་ཀྱི་ནུས་པ་དང་གནད་དོན་ཐག་གཅོད་ཀྱི་ནུས་པ། འཐབ་ཇུས་བསམ་གཞིག་གི་ནུས་པ་སོགས་ཚང་ལ་ཤེས་རྟོགས་ཁྱབ་ཁོངས་རྒྱ་ཆེ་ཞིང་། མིའི་རིག་སྟོབས་ལས་བརྒལ་བའམ་ཁྱད་དུ་འཕགས་པའི་མཐོ་རིམ་མིས་བཟོས་རིག་ནུས་ཤིག་ཡིན། ཡིན་ནའང་འདི་ནི་ད་ལྟའི་དུས་སུ་ཚན་རིག་པས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ནོ། །

གསུམ་པ།  AIཡི་ཁྱད་ཆོས་གསུམ།

1.AIནི་སློབ་སྦྱོང་བྱེད་པར་ཤིན་ཏུ་མཁས་པའིཕུལ་བྱུང་སློབ་མཞིག་དང་འདྲ་སྟེ། དེའི་སློབ་སྦྱོང་གི་མྱུར་ཚད་ནི་གློག་དམར་འཁྱུག་པ་ལས་ཀྱང་མགྱོགས་པས་ཀླད་སྟོབས་ཤིན་ཏུ་ཆེ་ཞིང་མྱུར།  དཔེར་ན། རྒྱལ་སྤྱིའི་མིག་མངས་བྱ་དགའ་ཨང་དང་པོ་འཐོབ་མཁན་ཞིག་བརྩོན་ལེན་བྱེད་དགོས་ན། མི་ཞིག་གིས་ཕལ་ཆེར་ལོ20ཡན་ལ་སྦྱོང་བརྡར་བྱེད་དགོས་ཤིང་།   AIཡིས་ཉིན་གསུམ་ལ་སློབ་སྦྱོང་བྱས་རྗེས་མིག་མངས་མཁན་པོ་རྣམས་ཕམ་པར་རྒྱག་ཐུབ་པ་ཡིན།  འོན་ཀྱང་དེ་འདྲའི་སློབ་སྦྱོང་བྱེད་མཁས་པའི་ནུས་པ་ནིAIཡི་ལྷན་སྐྱེས་ཡོན་ཏན་མ་ཡིན་པར། དེར་ཚན་རིག་པས་ཕྱོགས་ཡོངས་ཀྱི་ཤེས་བྱའི་གཞི་གྲངས་འབོར་ཆེན་ཞིག་ནང་འཇུག་བྱས་པའི་འབྲས་བུ་སྟེ། ཁྱོད་ཚོས་རྩིས་རིག་མཁས་པར་འགྱུར་ཆེད་ཉིན་རྒྱུན་འབད་བརྩོན་ལྷོད་མེད་ཀྱིས་སྦྱོང་བརྡར་བྱེད་བཞིན་པ་དང་གཅིག་མཚུངས་ཡིན

2.AIལ་འཇིག་རྟེན་ཡོངས་ལ་ལམ་སང་རྒྱུས་ལོན་བྱེད་ནུས་པའི་མིག་ཤེས་རྣོན་པོ་ཞིག་ཡོད། དཔེར་ན། ཁྱོད་ཀྱིས་ཁ་པར་ནང་གིAIལ་ཞི་ལ་ཆུང་ཆུང་ཞིག་གི་པར་རིས་བསྟན་རྗེས། AIཡིས་མྱུར་དུམིའོ་མིའོཞེས་ཞི་ལའི་སྒྲ་སྒྲོག་པ་ལྟ་བུ་དང་། ཡང་ན་ལམ་འགྲམ་གྱི་ངོ་མི་ཤེས་པའི་མེ་ཏོག་ཅིག་པར་བླངས་ནས་བསྐུར་ནAIཡིས་མྱུར་དུ་མེ་ཏོག་དེའི་མིང་བཤད་པ་ལྟ་བུ།  དེའི་རྒྱུ་མཚན་ནི་ཚན་རིག་པ་ཚོསAIནང་པར་རིས་དུང་ཕྱུར་བཅུ་ཕྲག་ལྷག་ནང་འཇུག་བྱས་ཡོད་པས་རེད། དེ་ནི་ཁྱོད་ཚོས་འཚར་ལོངས་ཀྱི་གོ་རིམ་ཁྲོད་རིམ་བཞིན་དངོས་པོ་གསར་བ་ངོ་ཤེས་པ་དང་འདྲའོ། །   

3.AIལ་སྒྲ་འཛིན་གྱི་རྣ་ཤེས་སྐྱེན་པོ་ཞིག་ཡོད་དེ། དཔེར་ན། ཁྱོད་ཚོས་ཁྱིམ་གྱི་རིག་ནུས་ཁྱིམ་ཆས་དག་ལ་སྐད་ཆ་བཤད་སྐབས། AIཡིས་མྱུར་དུ་ལན་འདེབས་སྲིད་པས་ཧ་ཅང་ངོ་མཚར་བར་སྣང་། དེ་བཞིནAIནི་ཉན་ལ་མཁས་པར་མ་ཟད་བཤད་ལའང་ཤིན་ཏུ་མཁས། དེས་སྐད་རིགས20ལྷག་གོ་ཞིང་ཐ་ན་ཡུལ་སྐད་ཀྱང་སྦྱོང་ཐུབ། ད་ལྟAIཁ་ཤས་ཀྱིས་ཕ་མའི་སྐད་ལ་ལད་མོ་བྱས་ནས་གཏམ་རྒྱུད་བཤད་པ་རེད། ཡིན་ནའངAIཡིས་མིའི་རིགས་ཀྱི་སྐད་ཆར་ལད་མོ་བྱེད་ཤེས་པ་ལས་རང་ཉིད་ཀྱིས་གཏམ་རྒྱུད་ངོ་མ་བཤད་མི་ཤེས་སོ། །