དག་སྣང་མཚོ་བྱང་ནས་མཇལ་འཛོམས་བྱེད། མདོག་ལྔའི་གཡང་ས་ལ་ཡུལ་སྐོར་བྱེད། 2025ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་བྱང་ཁུལ་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས18ཉིན། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“དག་སྣང་མཚོ་བྱང་ནས་མཇལ་འཛོམས་བྱེད། མདོག་ལྔའི་གཡང་ས་ལ་ཡུལ་སྐོར་བྱེད།”——“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”མཚོ་བྱང་ཁུལ་ཡན་ལག་ཚོགས་རའི་བྱེད་སྒོ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞིར་འཚོགས།

བྱེད་སྒོའི་དམིགས་ཡུལ་ནི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོ”དེ་མཚོ་བྱང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་ཉིན་མོ་དང་དྲིལ་སྒྲོག་ཉིན་མོར་འགྱུར་བར་སྐུལ་འདེད་གཏོང་བ་དང་། མཚོ་བྱང་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་མི་ཆོས་རིག་གནས། སྐྱེ་ཁམས། གསར་བརྗེའི་ཉམས་ཞིབ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུར་རོགས་རམ་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།


ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཤིས་ཚིག་ཕུལ་ནས་ཡུལ་སྐོར་ལས་དོན་ཁང་ཚོགས་པ་དང་། རིག་གནས་དང་ཡུལ་སྐོར་ཆས་རྟགས་གསར་སྐྲུན། རང་སྨྱན་སྦྱོར་དྲིལ་སྒྲོག་གཉེར་ཚོང་། འབྲེལ་ཡོད་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་རིགས་བཞིའི་ཐད་ནས་ཁེ་ལས27དང་མི་སྒེར་ལ2024ལོའི་ལོ་འཁོར་མོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བྱ་དགའི་རོགས་སྐྱོར་མ་དངུལ་གནང་། མཚོ་བྱང་ཁུལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་མཁན་གཡུ་སྒྲོན་གྱིས་མཚོ་བྱང་གི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་ལ། ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་མཚོ་སྔོན་བྷོ་ཊའི་ལྗོངས་རིག་གནས་ཡུལ་སྐོར། མཚོ་སྔོན་ཆི་མིན་ཞིན་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་སོགས་རིག་གནས་ཡུལ་སྐོར་སྤྱི་གཉེར་ཁང་མང་པོ་དང་དེ་བཞིན་ཡུལ་སྐོར་ལས་དོན་ཁང་གིས་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་ཅིང་།ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་མི་སྣས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས།


བྱེད་སྒོ་མ་སྤེལ་སྔོན། འབྲེལ་ཡོད་མགོ་ཁྲིད་དང་སྐུ་མགྲོན། གསར་འགྱུར་སྨྱན་སྦྱོར་བཅས་བྱེ་མ་གསེར་ལྡན་ལྗོངས་ཁུལ་དང་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་བཅས་སུ་བསྐྱོད་དེ་མཚོ་བྱང་གི་མཛེས་སྡུག་ཡི་གར་འོང་བའི་ཡུལ་ལྗོངས་ལ་བལྟས་པར་མ་ཟད་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་རྗེས་དྲན་བྱས་ཏེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས“ཞིང་ལས་དང་ལུས་རྩལ། རིག་གནས་དང་ཡུལ་སྐོར། ཚོང་གཉེར”བཅས་མཉམ་འདྲེས་བྱེད་པ་དམ་འཛིན་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པས་རིག་གནས་དང་ཡུལ་སྐོར་གྱི་བྱ་གཞག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2024ལོར་ཡུལ་སྐོར་བ་མི་ཐེངས་ཁྲི960.51སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར37.65ཟིན་ལ། ཐོན་ལས་གསུམ་གྱི་བཟུང་ཚད57%ཟིན་པས། རིག་གནས་ཡུལ་སྐོར་ཐོན་ལས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་ཡུལ་སྐོར་ཉིན་མོའི་བྱེད་སྒོ་དེས་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ངོ་སྤྲོད་ལ་སྐུལ་འདེད་གཏོང་བ་དང་ལྗོངས་ཁུལ་དང་མགྲོན་ཁང་སོགས་ཀྱིས་མཐུན་སྦྱོར་ནུས་ཤུགས་འདོན་རྒྱུར་སྐུལ་ཁྲིད་བྱས་ཏེ“ངོ་མཚར+དམངས་ཕན”ལ་བརྟེན་ནས་མང་ཚོགས་ཀྱི་ཐོབ་སྣང་མཐོ་རུ་གཏོང་བ་དང་། སྔར་ལས་མང་བའི་ཡུལ་སྐོར་བས“དག་སྣང་མཚོ་བྱང”ཉམས་ལེན་དང་། “མདོག་ལྔའི་གཡང་སར”མྱོང་རོལ་བྱེད་པར་ཡིད་དབང་འགུག་པ་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་སྤེལ་བྱས།