གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤“འབྲུ་གང་བའི”དུས་ཚིགས་སུ་སླེབས་པ་ན། དགུན་གྲོ་ནི་ལྷོ་ནས་བྱང་བར་གཅིག་རྗེས་གཉིས་མཐུད་ངང་ལོ་ལེགས་བསྡུ་བའི་དུས་མཚམས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་ད་ལོའི་དུས་ཚིགས་གསར་པའི་དགུན་གྲོ་ཉོ་སྒྲུབ་བྱེད་ཚད་རྒྱ་མ་དུང་ཕྱུར1700ཟིན་རྒྱུ་རེད།
➤སྐྱེ་ཁམས་ཁོར་ཡུག་པུ་སོགས་སྡེ་ཁག་གིས《མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་འགུལ་སྐྱོད་ཇུས་གཞི(2025—2027ལོ)》ཁྱབ་བསྒྲགས་བྱས་ནས་སོ་སོའི་མཛེས་པ་མཆོག་ཏུ་བཀྲ་བའི་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
➤དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཁག་གིས《ཁེ་ལས་ཆུང་ངུ་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའ་ཞིག》ཁྱབ་བསྒྲགས་བྱས་ནས་ཁེ་ལས་ཆུང་ངུ་དང་ཆེས་ཆུང་གྲས་དང་མི་སྒེར་བཟོ་ཚོང་དུད་ཚང་གི་མ་དངུལ་བསྡུ་སྒྲིལ་གྱི་གནས་ཚུལ་སྔར་བས་ལེགས་སུ་བཏང་ཡོད།
➤ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ལག་རྩལ་སྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་ཁྱབ་ཁོངས་ལ་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར500ལས་བརྒལ་བ་བཏང་ནས་འབྲེལ་ཡོད་སྔོན་ཐོན་སྒྲིག་ཆས་ཐོན་སྐྱེད་དང་སྔོན་ཐོན་ཐོན་ནུས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།

➤ཚེས21ཉིན་གྱི་ཆུ་ཚོད12སྐར་མ05སྟེང་། ཤར་རླུང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་དུ། ཤུགས་མདའ་ཨང་དང་པོའི་གཏོང་ཐེངས་བདུན་པའི་རྒྱང་སྐྱེལ་མེ་ཤུགས་འཕུར་མདས་མདའ་གཅིག་ལ་སྲུང་སྐར་དྲུག་གི་རྣམ་པའི་ཐོག་ནས་མཁའ་དབྱིངས་སུ་འཕེན་གཏོང་བྱས་ཤིང་འཕུར་སྐྱོད་ཚོད་ལྟའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།
➤ལྷ་གྲུ་ཨང་ཉི་ཤུ་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་ཉེ་ཆར་གནམ་གྲུ་བདམས་ནས་གྲུ་ཚང་ནས་ཐེངས་དང་པོར་ཕྱིར་སྐྱོད་པའི་བྱེད་སྒོ་སྤེལ་རྒྱུ་རེད།
➤ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རིས་གོ་ལ་ཧྲིལ་པོས་ཀྲུང་གོའི་སྔོན་ཐོན་རྩིས་རྒྱག་ཉིང་ལྷེབ་སྤྱོད་མི་ཆོག་པའི་རེ་ངན་བཅངས་པའི་ཐད་གཏམ་བཤད་སྤེལ་ནས་རྩ་འཛུགས་དང་མི་སྒེར་གང་རུང་ཞིག་གིས་ཨ་རི་ཕྱོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པའམ་ཡང་ན་ལག་བསྟར་བྱེད་རོགས་བྱས་ཚེ་ངེས་པར་དུ་དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས་པའི་ནན་བཤད་བྱས་ཡོད།
➤མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་རང་རྒྱལ་གྱི་ཀན་སུའུ་ཀའོ་ལན་ཧྲེ་ཁྲོན་ཀུའུ་ལི་གླིང་མ་ལག་དང་། ཀྲེ་ཅང་ཏེ་ཆིང་ཚྭ་མེད་ཆུའི་མུ་ཏིག་འདྲེས་སྦྱོར་གསོ་ཚགས་མ་ལག ཧྥུ་ཅན་ཧྥུ་ཏིང་ཇ་དཀར་རིག་གནས་མ་ལག་བཅས་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཡིན་པའི་ངོས་འཛིན་དངོས་སུ་བྱས་པ་རེད།
➤ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུ་ཡིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ3.0པར་མའི་གྲོས་མོལ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད།
➤2024ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར2956ཟིན་པ་དེ་དུས་མཚུངས་ལས4.8%འཕར་ཡོད། ཀྲུང་གོས་ལོ16ལ་བསྟུད་མར་ཨ་ཧྥེ་རི་ཁའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད།
སྤྱི་ཚོགས།
➤ཚེས21ཉིན་གྱི་མཚན་མོ་ནས་ཚེས24ཉིན་བར། ལྷོ་ཕྱོགས་ས་ཁུལ་དུ་སྔ་རྗེས་སུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ་དང་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སེར་པོ་མུ་མཐུད་ཁྱབ་བསྒྲགས་བྱས།
➤ཀན་སུའུ་ཡི་ས་ཆ་མང་པོར་ཐན་སྐྱོན་བྱུང་བ་དང་ས་གནས་དེ་གའི་ཆུ་བེད་སྡེ་ཁག་གིས་ཆུ་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཅིང་ཏེན་དང་། དབྱིན་ཏ། དབྱིན་ཐའོ་བཅས་རྐང་འཛིན་ལས་གྲྭ་ཆེན་པོ་གསུམ་གྱིས་རིམ་རྩིས་བྱས་ན་ཆུ་ཤོ་སྨི་དུང་ཕྱུར2.45བཏང་ཡོད།
➤ཉེ་ཆར་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་ཏུན་ཁྲི་རིམ་པའི་རྒྱང་མཚོའི་སྨན་ཁང་གྲུ་གཟིངས་གསུམ་པ་སྟེ“བཀྲ་ཤིས་གཟིངས་ཆེན”རྟགས་ཅན་གྱིས་ཧོང་ཧའེ་མཚོ་ཁོངས་ག་གེ་མོར་འཕྲོད་བསྟེན་གཞུང་ལས་འཁྲབ་སྦྱོང་བྱས་པ་རེད།
➤རང་རྒྱལ་གྱི་རིག་ནུས་ཁྲོན་འབིགས་མ་ལག་ཐོག་མ་དེ་དངོས་སུ་སྤྱོད་མགོ་ཚུགས་པ་དེས་ས་གཤིས་དཔྱད་གྲངས་འཚོལ་བསྡུ་དང་། ཁྲོན་འབིགས་ལམ་བུ་ལེགས་སུ་གཏོང་བ། སྒྲིག་ཆས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་སོགས་འགག་རྩའི་ལས་ཀ་རང་འགུལ་ངང་ལེགས་གྲུབ་ཐུབ་རྒྱུ་རེད།
➤ཧྲན་ཏུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་ཁྲིམས་འགལ་ངང་དངུལ་བུན་གཏོང་བའི་དོགས་ཡོད་ཉེས་པའི་ཐོག་ནས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་དངུལ་ཁང་གི་མགོ་འཛིན་གཞོན་པ་ཀྲང་ཀེང་ཧྲེང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
➤རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཅུ་ཀྲང་ལིང་ཁྲེང་ཞིན་གྱིས་ལྐོག་རྔན་བླངས་པ་དང་རྒྱལ་ཁབ་ལ་དབང་བའི་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པར་ལིང་ཁྲེང་ཞིན་ལ་དུས་བཀག་བཙོན་འཇུག་ལོ16བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།
➤སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་། ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་བཅས་ཡིན་པའི་ཡེ་ཧན་པིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

➤རྒྱལ་ཡོངས་ཀྱི་རྒྱུངས་པ་བསྡམས་པའི་དབང་རྩའི་མཐུད་ཁ་ནང་འཇུག་གཤགས་བཅོས་ཐོག་མ་ཀྲེ་ཅང་སློབ་ཆེན་གྱི་སྨན་ཁང་གཉིས་པར་གྲུབ་འབྲས་ཐོབ་ནས་ལོ61ལ་སླེབས་པའི་ནད་པ་ཞིག་སླར་ཡང་རང་བརྟེན་འགྲོ་སྐྱོད་བྱེད་རོགས་བྱས་ཡོད།
➤བོད་ལྗོངས་ཀྱིས་ཁྱབ་ཚད98%ཟིན་པའི་གྲོང་ཚོའི་སྐུར་སྐྱེལ་ཟོག་འགྲེམས་དྲ་རྒྱ་བསྐྲུན་ནས་ཐག་རིང་རོང་འབྲོག་ཁུལ་དུ“སྦྲག་དངོས་ཉིན་གཅིག་ལ་འབྱོར་རྒྱུ”ཐོག་མར་མངོན་འགྱུར་བྱུང་ཡོད།

➤ཉེ་ཆར་ཐ་ཁོ་ལ་མ་ཀན་བྱེ་ཐང་གི“མཐའ་ལྕགས་མཉམ་འདྲེས”སྐབས་བཏབ་པའི་རྒྱ་སེ་མེ་ཏོག་རྐང་ཁྲི10བཞད་མགོ་ཚུགས་ནས་ཡངས་ཤིང་རྒྱ་ཆེ་བའི་བྱེ་མཚོར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས་ཡོད།
སྲིད་ཇུས།
➤ཧྲན་ཞིས2025ལོའི་ཟླ6པའི་ཚེས1ཉིན་གྱི་ཆུ་ཚོད0ནས2027ལོའི་ཟླ5ཚེས31ཉིན་གྱི་ཆུ་ཚོད24བར། ཆིང་ནུས་ཟོག་འདྲེན་རླངས་འཁོར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཤར་བགྲོད་གྲོན་དངུལ་ལ་ཁ་གསབ་ཆ་ཚང་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
➤ཀོང་ཏུང་གིས་བྱེད་ཐབས་གང་རུང་གི་ཐོག་ནས་སློབ་མ་དང་ཁྱིམ་བདག་ལ་བཙན་སྐུལ་གྱིས་སློབ་གོས་ཉོ་རུ་འཇུག་པའམ་ཡང་ན་བཙན་ཐབས་ཀྱིས་ཕྱིར་ཚོང་བྱེད་མི་ཆོག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭ་ཆུང་འབྲིང་མིན་པ་ཅན་གྱིས་རྩ་དོན་ཐོག་གཅིག་གྱུར་གྱིས་སློབ་གོས་ཉོ་བ་དང་ཉོ་དགོས་པའི་བླང་བྱ་བཏོན་མི་ཆོག
➤ཧུའུ་པེ་ཝུའུ་ཧན་གྱིས་དམངས་སྤྱོད་མི་མེད་མཁའ་འགྲུལ་ཡོ་བྱད་ཀྱི་བདེ་འཇགས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་བཏོན་ནས། ཆང་བཅུད་རིགས་ཀྱི་བཏུང་བྱ་དང་། སྦྲིད་སྨན་ནམ་ཡང་ན་སྨན་རྫས་གཞན་དག་གི་ཤུགས་རྐྱེན་ཐེབས་སྐབས་མི་མེད་གནམ་གྲུར་ཚོད་འཛིན་བྱས་མི་ཆོག
དེ་རིང་གི་གནམ་གཤིས།

➤ཀན་སུའུ་ལྷོ་རྒྱུད་དང་། ཧྲའན་ཞིའི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་ཤར་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་པ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་ཡིན་པ་དང་ ། དེའི་ནང་སི་ཁྲོན་གཤོང་སའི་ཤར་རྒྱུད་དང་། ཁྲུང་ཆིང་དབུས་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཧུའུ་པེའི་བྱང་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།