དཀར་གོང་ཆུ་ཚོད། ཆུ་ཚོད་སྐར་ཆ་གང་ཡང་ནོར་འཛོལ་མེད་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། “ཆུ་ཚོད་ནི་རྒྱུ་ནོར་ཡིན”ཟེར་བའི་ལོ་རབས་སུ། དཀར་གོང་ཆུ་ཚོད་ཀྱིས་རིམ་བཞིན་དུ་འཕྲུལ་ཆས་ཀྱི་ཆུ་ཚོད་ཀྱི་ཚབ་བྱས་ཏེ། མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་པའི་ཆུ་ཚོད་རྩི་ཆས་སུ་གྱུར་ཡོད། 1929ལོར་འཛམ་གླིང་སྟེང་གི་དཀར་གོང་ཆུ་ཚོད་ཁག་དང་པོ་བུད་བྱུང་། བློ་ཡུལ་ལས་འདས་པ་ཞིག་ལ་དེ་བུད་པ་ནས་མི་སེར་དཀྱུས་མ་ཀུན་གྱི་ཁྱིམ་དུ་ཁྱབ་པའི་བར་མི་ལོ70ཙམ་གྱི་དུས་ཡུན་མ་གཏོགས་འགོར་མེད། འཛམ་གླིང་ཡོངས་ཀྱི་དཀར་གོང་ཆུ་ཚོད་དང་པོ། གནའ་སྔ་མོའི་སྐབས་སུ། འགྲོ་བ་མིས་ཆུ་ཚོད་ལ་ལྟ་བར་སྤྱོད་པ་ནི་ཡོ་བྱད་ཐབས་ཆག་འབའ་ཞིག་ཡིན་པ་དཔེར་ན། ཉི་འོད་གྲིབ་མ་སྤོ་འགུལ་བྱེད་ཚུལ་གཞིར་བཟུང་ནས “ཆུ་ཚོད་ལྟ་ཆས” གསར་བཟོ་བྱས་པ་དང་། མར་ཐིགས་ཚད་སྙོམས་པའི་ཆུ་ཐིགས་བེད་སྤྱད་དེ“ཆུ་ཐིགས་ཆུ་ཚོད”བྱས་པའི་མི་ཡོད་ལ། སྤོས་བསྒྲོན་པའི་ཐབས་ལ་བརྟེན་ནས་མི་རྣམས་ཀྱིས“སྤོས་རྐང་གཅིག”དང “སྤོས་རྐང་གཉིས”ལ་སོགས་པའི་ཆུ་ཚོད་ཀྱི་བར་ཐག་དབྱེ་འབྱེད་བྱས་པ་རེད། བཟོ་ལྟ་རྙིང་བའི་འཕྲུལ་ཆས་དཀར་གོང་ཆུ་ཚོད། དུས་རབས14པ་ནས་བཟུང་། ཨི་ཐ་ལིའི་ཆུ་ཚོད་ཐོག་ཁང་དུ་རང་ཉིད་ཀྱི་ལྗིད་ཚད་སྒུལ་ཤུགས་སུ་སྤྱད་པའི་སོ་འཁོར་གྱིས་བསྐོར་བའི་འཕྲུལ་ཆས་ཀྱི་ཆུ་ཚོད་བྱུང་། ཡིན་ནའང་ཆུ་ཚོད་དེ་ནི་དེའི་ཕྱིའི་རྣམ་པ་ལྟར་མི་རྣམས་ཡིད་སྨོན་འཆོར་བ་ཞིག་མིན་པར། ཉིན་རེར་སྐར་མ15ཡས་མས་ཙམ་དལ་མགྱོགས་ཀྱི་ནོར་འཛོལ་ཡོད། 1583ལོར། ཨི་ཐ་ལིའི་ཚན་རིག་པ་ཅ་ལི་ལུའེ་ཡིས་དོ་འཇོག་མ་བྱས་ས་ནས་ཐོབ་པའི་གསར་རྙེད་ཅིག་གིས་འགྲོ་བ་མི་རྣམས་ཚད་ལྡན་གྱི་ཆུ་ཚོད་རྩི་བའི་དུས་རབས་སུ་ཞུགས་ཐུབ་པ་བཟོས་སོང་། རེབ་དེར་ཅ་ལི་ལུའེ་ཡིས་ཆོས་ཁང་གི་ཁང་ཆེན་གྱི་ཆུ་ཚོད་འཁོར་ལོའི་གཡོ་ཐོའི་འགྱུར་ལྡོག་ལ་སྟེས་དབང་གིས་མཉམ་བཞག་སོང་། ཆུ་ཚོད་ཀྱི་གཡོ་ཐོ་ཕར་གཡུག་ཚུར་གཡུག་གི་དུས་ཡུན་ནི་ཧ་ཅང་ངེས་གཏན་ཡིན་ཏེ། དེ་ཆུ་ཚོད་ཀྱི་གཡོ་ཐོ་ཕར་ཚུར་དུ་གཡུག་པའི་ཚད་ཀྱི་ཆེ་ཆུང་དང་ཕལ་ཆེར་འབྲེལ་བ་མེད་པར། གཡོ་ཐོ་ཕར་གཡུག་ཚུར་གཡུག་གི་ཚད་ཆེ་ཆུང་གང་ཡིན་ནའང་འདྲ། དེའི་གཡུག་འགུལ་གྱི་གྲངས་ཚད་ནི་འདྲ་མཉམ་ཡིན་པར་འདུག་པ་ཁོང་གིས་རྟོགས། དེ་ནས་མི་ལོ70ཡི་རྗེས་སུ་རྩ་བའི་རིགས་པ་དེ་གཞིར་བཟུང་ནས། གནམ་རིག་རིག་པ་བ་ཧོས་ཀིན་སིས(1629-1695)གཡོ་ཅོང་ཆུ་ཚོད་འཁོར་ལོ་ཨང་དང་པོ་གསར་བཟོ་བྱས། ཧོས་ཀིན་སིའི་གཡོ་ཅོང་ཆུ་ཚོད་དེ་ཤིན་ཏུ་ཐིག་པོ་ཡིན་པས། ཚན་རིག་པ་ཚོས་ཆུ་ཚོད་དེ་སྤྱད་ནས་དངོས་ཁམས་ཀྱི་ཚོད་ལྟ་བྱས་པ་དང་། ཚོང་ཁང་དག་གིས་ཆུ་ཚོད་དེ་གཞིར་བཟུང་ནས་སྒོ་ཕྱེ་བ་དང་སྒོ་རྒྱག་པ། བཟོ་པ་ཚོའི་གླ་ཕོགས་ཀྱང་ཆུ་ཚོད་དེ་གཞིར་བཟུང་ནས་ཆུ་ཚོད་རེ་ལྟར་ལས་ཡུན་བརྩིས་ནས་བྱིན་པ་རེད། ཡིན་ནའང་ཧོས་ཀིན་སིས་བསྐྱེད་པའི་ཤུགས་རྐྱེན་ནི་དེ་ཁོ་ན་ཙམ་གཏན་ནས་མིན་ལ། སྒོས་སུ་ཆུ་ཚོད་ཀྱི་འདུ་ཤེས་འགྲོ་བ་མིའི་འཚོ་བའི་ཁྲོད་དུ་ཤོག་བུ་སྣུམ་ཟོས་ལྟར་ཆགས་པས། ཆུ་ཚོད་ལྟར་ཁ་དན་ཚིག་གནས་བྱེད་པ་དེ་ཡ་རབས་ཀྱི་བྱ་སྤྱོད་ཅིག་ཏུ་རྩི་བར་གྱུར། དཀར་གོང་བདར་གཟུགས་གཏེར་རྡོ། དེའི་རྗེས་སུ་གཡོ་ཅོང་ཆུ་ཚོད་དང་འཕྲུལ་ཆས་ཀྱི་ཆུ་ཚོད་མོད་པོ་བུད་པ་དང་ལྷན་ཅིག་ཏུ། དེ་ལེགས་སྒྱུར་རྒྱུན་ཆད་མེད་པར་བྱས་པ་ཡིན་མོད། འོན་ཀྱང་ཆུ་ཚོད་ཐིག་པོ་ཡིན་མིན་གྱི་ཕྱོགས་སུ་དཀར་གོང་ཆུ་ཚོད་ཀྱིས་དེའི་ཚབ་བྱེད་རྒྱུ་ཡིན་པ་ཁོ་ཐག་རེད། དུས་སྔ་མོ1880ལོའི་སྐབས་སུ། ཧྥ་རན་སིའི་མི་ཕིས་ཨེ་ཨར·ཅུས་ལི་དང་། པའོ་ལུའོ·ཅུས་ལི་གཉིས་ཀས་དཀར་གོང་བདར་གཟུགས་ལ་དྲང་ལྡོག་གནོན་གློག་གི་ཕན་ནུས་ལྡན་པ་ཤེས་ཤིང་། དེ་ནི་ཏན་ཏན་ཆུ་ཚོད་འཁོར་ལོའི“སྙིང་ཁམས”ལས་སྤྱད་ཀྱི་རྒྱུ་ཆ་མཆོག་ཤོས་ཡིན། དཀར་གོང་བདར་གཟུགས་ལ་གནོན་ཤུགས་ཐེབས་ཚེ་གློག་རྒྱུན་དང་གློག་གནོན་ཤིན་ཏུ་ཆུང་བ་དེའི་ཕྱི་ངོས་སུ་རྒྱུ་བ་ཡིན་ལ། དེས་གཡོ་ཞིང་དེ་རིགས་རྒྱ་བསྐྱེད་པ་དང་རྒྱུན་འཁྱོངས་བྱེད་ཐུབ་པར་མ་ཟད། གཡོ་འགུལ་རྒྱག་ཚད་ཀྱང་ཧ་ཅང་མཐོ། བཤད་ཚུལ་ལྟར་ན། དཀར་གོང་བདར་གཟུགས་སྤྱད་དེ་ལས་པའི་གཡོ་འགུལ་རྒྱག་ཆས་ཀྱིས་ཆུ་ཚོད་སྐར་མ་གང་རེའི་ནང་གཡོ་འགུལ་ཐེངས་ཁྲི3ལྷག་རྒྱག་པར་མ་ཟད། ད་རུང་དེར་ཕྱི་ཕྱོགས་ཀྱི་དྲོད་ཚད་དང་རླན་ཚད་ཀྱིས་ཤུགས་རྐྱེན་སྐྱེད་མི་ཐུབ་པས། ཆུ་ཚོད་ཀྱི་གཙིགས་ཚད་ཆེས་ཆེར་མཐོ་རུ་བཏེགས། འཇར་པན་གྱི་ཅིན་ཀུང་སྤྱི་གཉེར་ཁང་གིས་གསར་བཟོ་བྱས་པའི་དཀར་གོང་ཆུ་ཚོད། 1929ལོར། ཚན་རིག་པས་དཀར་གོང་བདར་གཟུགས་སྤྱད་དེ་ལས་པའི་གཡོ་འགུལ་རྩི་ཆས་དང་གློག་རྡུལ་ཆུ་ཚོད་སྡེབ་སྒྲིག་གསར་བཟོ་བྱས་པས། དཀར་གོང་ཆུ་ཚོད་བུད་པ་རེད། དཀར་གོང་ཆུ་ཚོད་བུད་མ་ཐག་སྐད་གྲགས་ཡོངས་སུ་ཆོད་པ་བྱུང་། ཚད་ལེན་ཚོད་ལྟ་བྱས་པ་ལྟར་ན་གཙིགས་ཚད་མཐོ་བའི་དཀར་གོང་ཆུ་ཚོད་ཅིག་གི་ལོ་རེའི་དལ་མགྱོགས་ཀྱི་ནོར་འཛོལ་ནི་སྐར་ཆ3-5ཙམ་ལས་མེད། 1942ལོར། དབྱིན་ཇིའི་སྐད་གྲགས་ཆེ་བའི་ཀི་རེན་ནེ་ཆི་གནམ་རིག་ལས་ཁུངས་ཀྱིས་ཀྱང་དཀར་གོང་ཆུ་ཚོད་དེ་ཆུ་ཚོད་རྩི་བའི་ཡོ་བྱད་དུ་སྤྱོད་མགོ་ཚུགས། ཡུལ་དུས་གང་མང་ཞིག་ཏུ་དཀར་གོང་ཆུ་ཚོད་འཁོར་ལོ་དེ་ད་རུང་རྟག་པར་འགུལ་ཚད་ཀྱི་གཞི་རྩའི་ཚད་གཞིར་བཀོད་དེ། དུས་རྒྱུན་གྱི་ཚད་ལེན་དང་ཞིབ་དཔྱད་ཀྱི་སྟེང་དུ་སྤྱད་ཅིང་སྤྱོད་ཀྱིན་ཡོད། 1970ལོའི་སྔ་གཞུག་ཏུ། དཀར་གོང་ཆུ་ཚོད་ཚོང་རར་འགྲེམ་མགོ་ཚུགས། དཀར་གོང་ཆུ་ཚོད་དེ་སྲོལ་རྒྱུན་གྱི་འཕྲུལ་ཆས་ཆུ་ཚོད་དང་བསྡུར་ན། གཙིགས་ཚད་མཐོ་བ་དང་ཡང་མོ་ཡིན་པ།རིན་གོང་བདེ་བ། གསོ་སྲུང་བྱེད་སླ་བ། སྤྱོད་ཡུན་རིང་བ་ལ་སོགས་པའི་དགེ་མཚན་ལྡན་པས། རེ་ཞིག་ལ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དར་ཞིང་ཁྱབ་པར་གྱུར། དེང་འདིར་དཀར་གོང་ཆུ་ཚོད་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པས། འཕྲུལ་ཆས་ཆུ་ཚོད་རྒྱུ་མཚན་དེའི་དབང་གིས་རིམ་བཞིན་དུ་མི་རྣམས་ཀྱིས་མི་འདོད་པར་གྱུར། ཁ་འཁོར་དཀར་གོང་ཆུ་ཚོད། ཚན་རིག་ཡར་རྒྱས་གོང་འཕེལ་བྱུང་བ་དང་བསྟུན་ནས། གློག་རྡུལ་གྱི་ལྷུ་ལག་ཞིབ་ཚགས་ཅན་ཆག་མེད་དུ་བུད་པས། དཀར་གོང་ཆུ་ཚོད་ད་རུང་དབྱིབས་ཆུང་བཀོད་ལེགས་ཡིན་པར་འགྱུར་མགོ་ཚུགས། དུས་ད་ལྟ་དཀར་གོང་ཆུ་ཚོད་དེ་དངོས་སུ་བཀོལ་སྤྱོད་ཀྱི་དངོས་པོ་ཡིན་ལ། མཛེས་སྤུད་ཀྱི་རྒྱན་ཆའང་ཡིན་པ་དང་། སྒྲོག་གུ་དང་ལྕགས་སྨྱུག རྣ་རོགས། ཤེལ་མིག་གི་ཡུ་བ། སྐྲ་འཛིན་ལ་སོགས་པའི་རྒྱུན་སྤྱོད་དངོས་པོའི་སྟེང་དུ་རྒྱན་ཆའི་ཚུལ་དུ་སྤྲས་ཡོད་ལ། ལན་རེར་མི་རྣམས་ཀྱི་དགོས་མཁོར་གཞིགས་ནས་དེ་དག་བྱེད་ལས་མང་བའི་མཁྲིག་ཚོད(手表)ཡིན་པས། ལི་ཐོ་དང་ལུས་པོའི་དྲོད་ཚད་ཚད་ལེན། ཁ་པར་གྱི་ཨང་གྲངས་ཉར་གསོག་བཅས་འཆར་བ་རེད། དཀར་གོང་ཆུ་ཚོད་ཀྱི་ཉིན་རེའི་ནོར་འཛོལ་ནི་སྐར་ཆ་གཅིག་གི་འབུམ་ཆའི་གཅིག་ཙམ་ཡིན་པ་ཡིད་ལ་ཟུངས། །