པདྨ་རྫོང་གིས་མོག་རོ་བཏབ་ནས་ཞིང་པའི་ཡོང་སྒོ་སྤར་བ།
ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་དུ་གསར་དུ་ལས་པའི་མོག་རོ་དྲོད་ཁང་དུ་བྲེལ་འཚུབ་ཆེ་བའི་དུས་ཏེ་ བསྡམས་སྐོར་ཐོག་མ་སྒྲོམ་གཞིའི་སྟེང་དུ་འགེལ་བའི་སྐབས་ལ་ཐོན་ཡོད། རྫོང་ཨུའི་འབྲེལ་ཡོད་མགོ་ཁྲིད་ཀྱིས་གྲོང་རྡལ་གྱི་ལས་བྱེད་པ་དང་ཡུལ་མི་ཚོའི་སྣེ་ཁྲིད་ནས་མོག་རོའི་བསྡམས་སྐོར་དབོར་འདྲེན་དང་སྒྲོམ་གཞིའི་སྟེང་དུ་འགེལ་བའི་ལས་ཀ་ལས་བཞིན་ཡོད། གྲལ་ཤར་དང་གྲལ་སྟར་སྒྲིག་པའི་མོག་རོ་བསྡམས་སྐོར་གཅིག་འཕྲོ་གཅིག་ལ་བཀལ་ཡོད་པའི་རྣམ་པ་དེ་བརྗིད་ཉམས་ལྡན་པ་ཞིག་རེད།

མོག་རོ་དྲོད་ཁང་ཆེན་པོའི་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། དྲོད་ཁང་ནང་གི་མོག་རོ་འདེབས་གསོ་བྱེད་སྟངས་དེ་སྲོལ་རྒྱུན་གྱི་ས་ཐོག་ཏུ་འདེབས་པ་དང་བསྡུར་ན་ཞིང་སའི་རྒྱ་ཁྱོན་གྲོན་ཆུང་དང་། དྲོད་སྲུང་དང་བརླན་སྲུང་རང་བཞིན་བཟང་བ། དོ་དམ་སྟབས་བདེ་བ། བསྡུ་ལེན་དུས་ཡུན་ཇེ་རིང་དུ་གཏོང་བ་སོགས་ཀྱི་དགེ་མཚན་ལྡན་ཡོད་ལ། གནམ་གཤིས་ཀྱི་ཤུགས་རྐྱེན་མི་ཐེབས་པས་སྔོ་མ་མང་ཙམ་འཐུ་ཐུབ་པས་ཞིང་སའི་ཕན་འབྲས་ཆེ་ཤོས་ལེན་ཐུབ། དེ་དང་ཆབས་ཅིག་དྲོད་ཚད་དང་བརླན་ཚད། ཉི་འོད་ཕོག་ཚད་བཅས་ཚོད་འཛིན་བྱས་པ་བརྒྱུད་ནས། ཐོན་ཚད་དང་སྤུས་ཚད་མངོན་གསལ་དོད་པོས་གཏོང་ཐུབ། བཏབ་པའི་མོག་རོ་ནི་སོས་འཛིན་ཆེ་ལ་མཐུག་པ་དང་། ནག་ཀྱུག་ཀྱུག་ཏུ་སྐྱེས་ཡོད་ལ་ཁ་ལ་ཞིམ། རྒྱུས་ལོན་པ་ལྟར་ན། ད་ལོར་འདེབས་འཛུགས་རྟེན་གཞིའི་ནང་དུ་མོག་རོ་བསྡམས་སྐོར་ཁྲི10.2ཙམ་བཏབ་ཡོད་ལ་རྒྱ་མ2000ལྷག་ཙམ་ཐོན་སྲིད་པས། སྔོན་དཔག་བྱས་ན་ཟླ7པའི་ནང་སྐོར་དང་པོའི་མོག་རོ་བཏོག་ནས་ཁྲོམ་རར་འཚོང་ཆོག
ཉེ་བའི་ལོ་ཤས་རིང་ལ། པདྨ་རྫོང་གིས་གནས་ཡུལ་གྱི་དགེ་མཚན་དང་རང་བྱུང་ཐོན་ཁུངས་ཀྱི་རང་སྤུས་ལ་བརྟེན་ཞིང་ས་བབ་ལ་བསྟུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་འགག་སྒོ་སྒྲོལ་ས་ཡང་དག་གིས་བཙལ་ཏེ་ས་གནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་བསྒྱུར་ཡོང་བའི་ཐབས་ལམ་གསར་པ་ཧུར་བརྩོན་གྱིས་འཚོལ་ཞིབ་བྱས་པ་དང་། ཐོན་ལས་ཀྱི་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱེད་པ། མོག་རོ་ནག་པོ་སོགས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་ལས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་གཏོང་བ། བསྐྱུར་ཡོད་པའི་ས་རྒོད་དང་བེད་མེད་དུ་ལུས་ཡོད་པའི་ས་ཞིང་གཞན་ལ་གླ་བ་བརྒྱུད་ནས། མོག་རོ་འདེབས་འཛུགས་དང་སྐམ་སའི་དྲོད་ཁང་། མོག་རོ་གསོ་བའི་དྲོད་ཁང་། མོག་རོ་བསྡམས་སྐོར་ལས་ས་སོགས་གཞི་གཅིག་ཅན་གྱི་ཚད་གཞི་མཐོ་ཞིང་ཁྱད་ཆོས་ལྡན་པའི་ཐོན་ལས་རྟེན་གཞི་ཞིབ་མོས་བསྐྲུན། དེས་ཉེ་འཁོར་གྱི་མང་ཚོགས20ལྷག་ལས་ཀར་ཚུད་དུ་བཅུག་ཡོད་ལ། བྱ་སྤྱོད་དངོས་ཀྱིས་གཞི་རིམ་མང་ཚོགས་ཀྱི“ཁྲག་གསོག”བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།“མཉམ་ལས་ཁང+རྟེན་གཞི+ཞིང་ཁྱིམ”དོ་དམ་བྱེད་སྟངས་བརྒྱུད་ནས་ཐོན་སྐྱེད་དང་།ལས་སྣོན།ཚོང་གཉེར་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་རྣམ་པ་འཐུས་ཚང་དུ་བཏང་ཡོད་པས། རིམ་བཞིན“ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག”གི་ཕན་ཡུན་རིང་བའི་ནང་རྐྱེན་ཞིག་གྲུབ་པ་དང་།སྡེ་བའི་ཐུན་མོང་དཔལ་འབྱོར་སྣ་མང་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཞིང“ཐོན་ལས་དར་རྒྱས”ཀྱིས་གྲོང་གསེབ་ཀྱི་ཁྱོན་ཡོངས་དར་སྤེལ་ལ་སྣེ་ཁྲིད་བྱས་ཡོད།

ད་ལྟ། པདྨའི་ཡུལ་དུ“མོག་རོ་ཆུང་ཆུང”གིས་གྲོང་གསེབ་དར་སྤེལ་གྱི“ཐོན་ལས་ཆེན་པོ”བཏེགས་ཡོད་ལ། མོག་རོ་ཆུང་ཆུང་དེ་གྲོང་གསེབ་དར་སྤེལ་གྱི“གསེར་མདོག་ཐོན་ལས”སུ་འགྱུར་ཡོད། རྗེས་ཕྱོགས་པདྨ་རྫོང་གིས་སྐྱེ་ཁམས་ཀྱི་ཐོན་ཁུངས་ཁྱོན་ཡོངས་ནས་སྔོག་འདོན་དང་། ཐོན་ལས་གྲུབ་ཚུལ་མཐུད་མར་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ། འབྲེལ་ཐག་སྔར་བས་བསྲིངས་པ། ཁྱད་ཆོས་ལྡན་པའི་ཟོང་རྟགས་བསྐྲུན་པ། ཡུལ་ཐོན་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་བཏོད་པ།ཞིང་ལས་རིག་གནས་ཡུལ་སྐོར་གསུམ་གཏིང་ཟབ་ཏུ་མཉམ་འདྲེས་བྱེད་པ་བཅས་ཀྱིས། ཞིང་ལས་ཀྱི་ཕན་འབྲས་འཕར་བ་དང་ཞིང་པའི་ཡོང་སྒོ་འཕར་བར་སྒུལ་ཤུགས་དྲག་པོ་བསྩལ་ནས་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་ཞིག་བརྩམ་རྒྱུ་རེད། །