སྐྱེ་ཁམས་ཁོར་ཡུག་པུའུ་ཡིས《མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི(2025ལོ་ནས2027ལོའི་བར)》ཁྱབ་བསྒྲགས་བྱས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཟླ5པའི་ལུགས་སྒྲུབ་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་། སྐྱེ་ཁམས་ཁོར་ཡུག་པུའུ་དྲིལ་བསྒྲགས་སློབ་གསོ་སིའི་སི་ཀྲང་ངམ་གསར་འགྱུར་མགྲིན་ཚབ་པ་ཕེ་ཞའོ་ཧྥེ་ཡིས་བསྟན་དོན། ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཚན་བདུན་གྱིས《མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི(2025ལོ་ནས2027ལོ་བར)》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས། དེ་ནི《ཆུའི་སྦགས་བཙོག་འགོག་བཅོས་འགུལ་སྐྱོད་འཆར་གཞི》རྗེས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་མངའ་ཁོངས་ཀྱི་ཡིག་ཆ་གལ་ཆེན་ཡང་གཅིག་ཡིན།
ཕེ་ཞའོ་ཧྥེ་ཡིས་ངོ་སྤྲོད་བྱས་དོན། 《ཇུས་གཞིའི》ཁྲོད་བསྡོམས་པས་ཁག་ལྔ་དང་བྱེད་ཐབས19དབྱེ་ཡོད་ཅིང་། 2027ལོར་བསླེབ་སྐབས་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་བསྐྲུན་ཚད40%ཡས་མས་ལ་བསླེབ་རྒྱུ་ཡིན་པ་དང་། 2030ལོར་བསླེབ་སྐབས་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོན་རྒྱུ། 2035ལོར་བསླེབ་སྐབས་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་གཞི་རྩའི་སྟེང་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་བཏོན་ཡོད། བྱེ་བྲག་གི་དམིགས་འབེན་བཀོད་སྒྲིག་བྱེད་པའི་ཕྱོགས་ནས།《ཇུས་གཞིའི》ཁྲོད་ཆུའི་ཁོར་ཡུག་གི་བཅོས་སྐྱོང་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། གཞི་རྩའི་སྐྱེ་ཁམས་ཀྱི་ཆུ་སྤྱོད་འགན་སྲུང་ལ་ཤུགས་སྣོན་པ། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དམིགས་འབེན་ཁག15ཞིབ་ཕྲ་ངང་བཟོས་ཡོད།
ཕེ་ཞའོ་ཧྥེ་ཡིས་བསྟན་དོན། ཆུའི་ཁོར་ཡུག་བཅོས་སྐྱོང་ཐད།《ཇུས་གཞིའི》ཁྲོད་གཙང་བོའི་ནང་དུ་བཙོག་ཆུ་འབུད་སའི་བཅོས་སྒྲིག་དང་། བཟོ་ལས་གླིང་ཁུལ། མཁར་གྲོང་གི་འཚོ་བ། ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་འགོག་བཅོས་སོགས་བཀོད་སྒྲིག་བྱས་ཡོད། གཞི་རྩའི་སྐྱེ་ཁམས་ཀྱི་ཆུ་སྤྱོད་འགན་སྲུང་ཐད།《ཇུས་གཞི》ཁྲོད་གཙང་བོ་དང་མཚེའུ་ཡི་སྐྱེ་ཁམས་བཞུར་ཚད་དོ་དམ་དང་། གཤོང་གཏོང་གི་བྱེད་ཐབས་དོན་འཁྱོལ། ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་མཉམ་སྤྱོད་སོགས་ལ་བཀོད་སྒྲིག་བྱས་ཡོད། ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ཐད།《ཇུས་གཞི》ཁྲོད་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོབ་སླར་གསོ་དང་། མཚེའུ་དང་མཛོད་ཀྱི་འཚོ་བཅུད་འབེལ་འགྱུར་བཅོས་སྐྱོང་། འཚོ་ཡུལ་ཉམས་གསོ་དང་ལྟ་སྐུལ་དོ་དམ། ཆུ་ལོག་འགོག་པའི་ཞོད་འབུད་བཅོས་སྐྱོང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར། མང་ཚོགས་ཀྱི་ཆུ་ཉེ་དགོས་མཁོ་སྐོང་རྒྱུ་སོགས་ལ་བཀོད་སྒྲིག་བྱས་ཏེ། དེ་མཚུངས་ཀྱི་དམིགས་ཚད་བཏོན་ཡོད།
གཞི་གྲངས་ལྟར་ན། 2024ལོར་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཚད་ལེགས་པའི(རིགསⅠ-Ⅲ)བཅད་ཁ90.4%ཡིན་པ་དང་། ཐོག་དང་པོར90%ལས་བརྒལ་བ་ཡིན། འབྲི་ཆུའི་གཞུང་ཆུ་རྒྱུན་མཐུད་ལོ5དང་རྨ་ཆུའི་གཞུང་ཆུ་རྒྱུན་མཐུད་ལོ3རིང་ལམ་ཐིག་ཧྲིལ་པོའི་རིགསⅡཔའི་ཆུའི་སྤུས་ཚད་རྒྱུན་འཁྱོངས་བྱས་ཡོད། "ལོ་ལྔའི་འཆར་གཞི་བཅུ་བཞི་པ"ནས་བཟུང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་ས་གནས་སོ་སོ་དང་་མཉམ་དུ་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་དོན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། ཆུ་དྭངས་མོའི་སྲུང་སྐྱོབ་དམག་འཐབ་ལ་གྲུབ་འབྲས་མངོན་གསལ་ཐོབ་པར་སྐུལ་འདེད་བཏང་།
ཕེ་ཞའོ་ཧྥེ་ཡིས་བཤད་རྒྱུར།"རྗེས་མར་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ས་གནས་སོ་སོས་ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུ་སྐྱེ་ཁམས་བཅོས་སྐྱོང་བཅས་ལ་གཅིག་འདོམས་བྱེད་པར་མཛུབ་སྟོན་བྱས་ཏེ། འབབ་རྒྱུད་ཀྱི་སྟོད་རྒྱུད་དང་སྨད་རྒྱུད་དང་། གཡས་གཡོན་ངོགས་གཉིས། གཞུང་ཆུ་དང་ཡན་ལག་ཆུ་བོ་བཅས་ཀྱི་མཐུན་སྦྱོར་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། རང་གི་རྒྱན་གྱིས་རང་ཉིད་བརྒྱན་པའི་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན"ཟེར། །