རླབས་ཕྲན་འཕྲིན་གཏོང་། ཚན་རྩལ་ཡར་ཐོན་ཡོང་བའི“འགྱུར་སྐུལ་རྫས།”
发布时间:2025年06月11日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

1931ལོར། དབྱིན་ཇིའི་ཏོ་ཧྥོ་དང་ཧྥ་རན་སིའི་ཅ་ལའེ་ས་ཆ་གཉིས་ཀའི་བར་དུ་རླབས་ཕྲན་འཕྲིན་གཏོང་གི་སྐུད་ལམ་དང་པོ་འཐེན་པས། སྐུད་མེད་གློག་གི་འཕྲིན་གཏོང་ལག་རྩལ་དེ་དུས་རབས་གསར་པ་ཞིག་ཏུ་ཕྱིན་པར་བྱས། དེའི་རྗེས་སུ། མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བའི་རླབས་ཕྲན་ཤུགས་མཐུད་ཀྱི་འཕྲིན་གཏོང་མ་ལག་འཛམ་གླིང་ཡོངས་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་། དེ་བཀོལ་སྤྱོད་དང་གོང་འཕེལ་བྱུང་བ་དེས་ཁྱབ་ཁོངས་མང་པོའི་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་བྱས་སོང་། །

སྒྲ་སྡུད་འཕྲུལ་ཆས་ལས་སྒྲ་གྲགས་པ་དང་། བརྙན་འཕྲིན་གྱི་བརྙན་ཤེལ་སྟེང་ནས་བརྙན་རིས་ཤར་བ་ཚང་མ་རྒྱང་སྒྲོག་དང་བརྙན་འཕྲིན་ཁང་གིས་གློག་སྡུད་རླབས་བརྒྱུད་དེ་སྐྱེལ་གཏོང་བྱས་པ་ཡིན། ཡིན་ན་ཡང་གློག་སྡུད་རླབས་ལ་རླབས་རིང་དང་རླབས་ཐུང་གི་དབྱེ་བ་ཡོད་ཅིང་། རླབས་ཀྱི་རིང་ཚད་སྨི1ནས་ཧའོ་སྨི0.1གི་བར་གྱི་གློག་སྡུད་རླབས་ལ་རླབས་ཕྲན་ཟེར་བ་རེད།

རླབས་ཕྲན་ནི་གཙོ་བོ་ཐད་འགྱེད་རླབས་ཕྲེང་གི་རྣམ་པས་ཕྱོགས་ཀུན་ཏུ་འགྱེད་པ་ཡིན་ཏེ། སྤྱིར་བཏང་དུ་ཤུགས་མཐུད་དང་སྲུང་སྐར། ཐོར་འགྱེད་ལ་སོགས་པའི་འཕྲིན་གཏོང་བྱེད་སྟངས་སྤྱད་དེ་བར་ཐག་རྒྱང་རིང་གི་འཕྲིན་གཏོང་བྱས་ཤིང་བྱེད་ཀྱིན་ཡོད། དེ་ཡང་སྔ་མོ་དུས་རབས19པའི་དུས་མཇུག་གི་སྐབས་སུ། ཨི་ཐ་ལིའི་མི་མཱ་ཁོ་ཉི་དང་ཨུ་རུ་སུའི་མི་པཱོ་པཱོ་ཧྥུ་རྣམ་པ་གཉིས་ཀས་གློག་སྡུད་རླབས་སྤྱད་དེ་སྐུད་མེད་གློག་འཕྲིན་གཏོང་གི་ཚོད་ལྟ་ལ་ངེས་པ་དོན་གྱི་འབྲས་བུ་སྨིན་པར་བྱས་མྱོང་བས། འགྲོ་བ་མིའི་འཕྲིན་གཏོང་གི་དུས་རབས་གསར་པ་ཞིག་གསར་གཏོད་བགྱིས་པ་རེད།

图片

འདི་ནི་འཇར་མན་གྱི་པ་ཧྥ་ལི་ཡའི་ལའེ་སི་ཐིན་ཞེས་པའི་ཡུལ་གྲུ་དེར་སྒྲིག་སྦྱོར་བྱས་ཡོད་པའི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་སྒོར་དབྱིབས་འཕངས་ཐིག་ངོས་ཀྱི་གནམ་སྐུད་རེད།

རླབས་ཕྲན་འདར་ཚད་ཧ་ཅང་མཐོ་བའི་ཁར་རླབས་ཀྱི་རིང་ཚད་ཤིན་ཏུ་ཐུང་བའི་རྐྱེན་གྱིས། དེ་མཁའ་དབྱིངས་སུ་མཆེད་པའི་ཁྱད་ཆོས་ནི་འོད་ཀྱི་རླབས་ཕྲེང་དང་འདྲ་མཚུངས་ཡིན། དེ་གསལ་པོར་བཤད་ན་དྲང་ཐིག་གིས་མདུན་དུ་སྐྱོད་པ་དང་། བཀག་འགོག་དང་འཕྲད་ཚེ་ལྡོག་འཕྲོ་དང་ཡང་ན་རྒྱུག་མཚམས་གཅོད་པ་ཡིན་པས། རླབས་ཕྲན་འཕྲིན་གཏོང་གི་བྱེད་སྟངས་གཙོ་བོ་ནི་མཐོང་རྒྱའི་བར་ཐག་གི་འཕྲིན་གཏོང་ཡིན་པས། མཐོང་རྒྱའི་བར་ཐག་ལས་བརྒལ་ན་བར་མཐུད་བརྒྱུད་སྤེལ་བྱེད་དགོས།

སྤྱིར་བཏང་དུ་བཤད་ན། སའི་གོ་ལའི་འཁྱོག་ངོས་ཀྱི་ཤུགས་རྐྱེན་དང་དེ་མིན་མཁའ་དབྱིངས་ནས་སྐྱེད་སྤེལ་བྱེད་སྒང་གི་ཟད་གྲོན་གྱི་དབང་གིས། སྟོང་སྨི50ཡས་མས་ཀྱི་མཚམས་ནས་བར་མཐུད་ས་ཚིགས་གཅིག་རེ་བཙུགས་ཏེ་གློག་རླབས་ཇེ་ཆེར་བཏང་སྟེ་དེའི་ཕན་ཆད་དུ་བརྒྱུད་སྤེལ་བྱེད་དགོས། འཕྲིན་གཏོང་བྱེད་སྟངས་འདི་རིགས་ལ་རླབས་ཕྲན་བར་མཐུད་ཀྱི་འཕྲིན་གཏོང་དང་ཡང་ན་རླབས་ཕྲན་ཤུགས་མཐུད་ཀྱི་འཕྲིན་གཏོང་ཟེར། དེའི་ཕྱིར་བར་ཐག་རྒྱང་རིང་གི་རླབས་ཕྲན་འཕྲིན་གཏོང་གི་མ་སྐུད་ཀྱི་ལམ་ནས་བར་མཐུད་ཐེངས་བཅུ་ཕྲག་བྱས་རྗེས། སྟོང་སྨི་སྟོང་ཕྲག་དུ་མའི་ཕ་རོལ་དུའང་འཕྲིན་གཏོང་གི་སྤུས་ཚད་ཧ་ཅང་ལེགས་པོ་ཡོད་པ་རྒྱུན་འཁྱོངས་བྱེད་ཐུབ།

图片

དུས་རྒྱུན་དུ་མཐོང་བའི་སྐུད་ཡོད་བརྙན་འཕྲིན་ལེ་ཚན་གྱི་བརྡ་རྟགས་དེའང་རླབས་ཕྲན་འཕྲིན་གཏོང་ལག་རྩལ་ལ་བརྟེན་ནས་ས་ངོས་དང་འཁོར་སྐར་བར་དུ་བརྡ་རྟགས་སྐྱེལ་གཏོང་བྱེད་པ་རེད།

1931ལོར། རླབས་ཕྲན་གྱི་ལག་རྩལ་འཐུས་ཚང་དུ་ཆགས་པ་དང་ཡར་རྒྱས་གོང་འཕེལ་བྱུང་བ་དང་བསྟུན་ནས། རླབས་ཕྲན་འཕྲིན་གཏོང་གིས་འགྲོ་བ་མིའི་སྐུད་མེད་གློག་གི་འཕྲིན་གཏོང་དེ་དུས་རབས་གསར་པ་ཞིག་ཏུ་ཕྱིན་པར་བྱས —ལོ་དེར་དབྱིན་ཇིའི་ཡུལ་ཏོ་ཧྥོ་དང་ཧྥ་རན་སིའི་ཡུལ་ཅ་ལའེ་ཡི་བར་དུ་འཛམ་གླིང་སྟེང་གི་རླབས་ཕྲན་འཕྲིན་གཏོང་གི་སྐུད་ལམ་ཨང་དང་པོ་འཐེན། དེའི་རྗེས་སུ་སྡུད་ཀྱིས་ཚོད་འཛིན་གྱི་སྦུ་གུ་དང་མྱུར་མོར་སྙོམ་སྒྲིག་གི་སྦུ་གུ། རླབས་རྒྱུག་སྦུ་གུ་ལ་སོགས་པའི་རླབས་ཕྲན་འཕྲུལ་འཁོར་གྱི་ལྷུ་ལག་གཅིག་རྗེས་གཉིས་མཐུད་དུ་གསར་གཏོད་བྱས་ཤིང་། དེ་མིན་བརྙན་འཕྲིན་དང་རེག་བརྡ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་པ་དང་བསྟུན་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་རྒྱལ་ཁབ་ལ་ལའི་དམག་དཔུང་གིས་རླབས་ཕྲན་འཁྱེར་འཕྲིན་སྟེང་དུ་བཀོལ་སྤྱོད་བྱས་པ་ལས་གཞན། ད་རུང་བར་ཐག་རྒྱང་རིང་དང་སྐུད་ལམ་མང་བའི་ཤུགས་མཐུད་འཕྲིན་གཏོང་མ་ལག་དེ་མ་སྐུད་ཀྱི་འཕྲིན་གཏོང་དུ་སྤྱད་པ་རེད།

འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། རླབས་ཕྲན་ཤུགས་མཐུད་འཕྲིན་གཏོང་མགྱོགས་ཤིང་མྱུར་བའི་སྒོ་ནས་ཡར་རྒྱས་གོང་འཕེལ་བྱུང་བ་སྟེ། 1955ལོར། རྒྱུག་རིམ་ཐོར་འགྱེད་འཕྲིན་གཏོང་གླིང་ཆེན་ཨ་རི་བྱང་མ་ནས་ཚོད་ལྟ་བྱས་ཏེ་ལེགས་འགྲུབ་བྱུང་བ་དང་། དུས་རབས20པའི་ལོ་རབས50པའི་ནང་དུ། སྲུང་སྐར་འཕྲིན་གཏོང་གི་ཚོད་ལྟ་བྱེད་མགོ་ཚུགས། ལོ་རབས60པའི་དུས་སྐེད་དུ། འཁོར་སྐར་འཕྲིན་གཏོང་བཀོལ་སྤྱོད་བྱེད་མགོ་ཚུགས། ཕྱིས་སུ། རླབས་ཕྲན་རླབས་ཚད་འདར་ཚད་ཀྱི་ཐོན་ཁུངས་ཧ་ཅང་འབེལ་བོ་ཡིན་ཡང་། རླབས་ཕྲན་རླབས་ཚད་མན་ཆད་ཀྱི་འདར་ཚིགས་ནི་འཚང་ཁ་ཧ་ཅང་ཆེ་བའི་རྐྱེན་གྱིས། འཁྱེར་འཕྲིན་ལ་སོགས་པའང་རླབས་ཕྲན་རླབས་ཚད་ཀྱི་ཕྱོགས་སུ་འཕེལ་རྒྱས་བྱུང་། གཞན་ཡང་ཨང་ཀི་ལག་རྩལ་དང་དེ་མིན་གློག་རྡུལ་ལག་རྩལ་ཡར་རྒྱས་གོང་འཕེལ་བྱུང་བ་དེས་ཀྱང་རླབས་ཕྲན་འཕྲིན་གཏོང་དེ་ཨང་ཀི་རླབས་ཕྲན་འཕྲིན་གཏོང་གི་ཕྱོགས་སུ་བར་བརྒལ་བྱེད་པར་ཡར་སྐུལ་བྱས།

རླབས་ཕྲན་ཤུགས་མཐུད་འཕྲིན་གཏོང་མ་ལག་དེ་ཁ་པར་དང་གློག་འཕྲིན། གཞི་གྲངས། བརྙན་རིས་བཅས་དང་དེ་མིན་གློག་འཕྲིན་གྱི་ལས་སྒོ་གསར་པ་སྐྱེལ་གཏོང་བགྱིད་པར་བཀོལ་སྤྱོད་བྱས་ཆོག་ལ། ལད་ཟློས་ཀྱི་རླབས་ཕྲན་ཤུགས་མཐུད་འཕྲིན་གཏོང་མ་ལག་ནི་མང་ཤས་སྐུད་མང་ཁ་པར་དང་ཡང་ན་བརྙན་འཕྲིན་ལེ་ཚན་སྐྱེལ་གཏོང་བྱེད་པར་བཀོལ་སྤྱོད་བྱེད་ཀྱིན་ཡོད། རླབས་ཕྲན་ཤུགས་མཐུད་འཕྲིན་གཏོང་ད་རུང་ཐག་རིང་མ་སྐུད་ཀྱི་འཕྲིན་གཏོང་དུའང་བཀོལ་སྤྱོད་བྱས་ཆོག་ཅིང་། རླངས་འཁོར་སྟེང་དུ་བཞག་པའི་རླབས་ཕྲན་ས་ཚིགས་བྱས་ཏེ་བྲེལ་མྱུར་འཕྲིན་གཏོང་དུ་བཀོལ་སྤྱོད་བྱས་ཆོག་གོ།

རླབས་ཐུང་དང་སྨི་རླབས་འཕྲིན་གཏོང་དང་བསྡུར་ན། རླབས་ཕྲན་ཤུགས་མཐུད་འཕྲིན་གཏོང་ལ་འཕྲིན་གཏོང་གི་འདར་ཚད་ཁ་ཞེང་ཆེ་བ་དང་། འཕྲིན་གཏོང་གི་ཤོང་ཚད་རྒྱ་ཆེ་བ། སྐྱེལ་གཏོང་གི་སྤུས་ཚད་ལེགས་པ། ཕྱི་ཕྱོགས་ཀྱི་དཀྲོག་རྐྱེན་ཐེབས་ཚད་ཉུང་བ་སོགས་ཀྱི་དགེ་མཚན་ལྡན་པ་རེད། ས་འོག་གི་གློག་ཐག་འཕྲིན་གཏོང་དང་བསྡུར་ན། རླབས་ཕྲན་ཤུགས་མཐུད་འཕྲིན་གཏོང་ལ་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཚད་དང་བདག་སྐྱོང་གི་གྲོན་དངུལ་གཏོང་ཚད་ཅུང་ཉུང་བ། ཨར་ལས་ཀྱི་དུས་འཁོར་ཐུང་བ་བཅས་ཀྱི་རྒྱུ་མཚན་གྱིས་བར་ཐག་འབྲིང་ཙམ་པ་དང་བར་ཐག་རྒྱང་རིང་གི་འཕྲིན་གཏོང་དང་འཕྲོད་པོ་ཡིན།

འཛམ་གླིང་སྟེང་གི་རླབས་ཕྲན་འཕྲིན་གཏོང་གི་སྐུད་ལམ་ཨང་དང་པོ་འཐེན་པ་ནས་དུས་ད་ལྟའི་བར་དུ། མགྱོགས་མྱུར་དུ་འཕེལ་རྒྱས་བྱུང་བའི་རླབས་ཕྲན་ཤུགས་མཐུད་འཕྲིན་གཏོང་མ་ལག་འཛམ་གླིང་ཕྱོགས་མཚམས་ཀུན་ཏུ་ཁྱབ་འདུག་ཅིང་། དེ་བཀོལ་སྤྱོད་དང་ཡར་རྒྱས་གོང་འཕེལ་བྱུང་བ་དེས་ཡང་ཁྱབ་ཁོངས་མང་པོའི་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་བྱས་པ་རེད། གལ་སྲིད་གནས་གཅིག་ནས་གནས་གཅིག་ལ་ཁ་སྤྲོད་པ་དང་། གནས་གཅིག་ནས་གནས་མང་པོར་ཁ་སྤྲོད་པ་དང་ཡང་ན་རྒྱང་སྒྲོག་ལ་སོགས་པའི་དྲ་བའི་རྣམ་པ་སྣ་མང་གི་འཕྲིན་གཏོང་ལག་ལེན་དུ་བསྟར་བའི་དབང་དུ་བཏང་ན། དེས་སྐུད་ལམ་མང་བའི་རླབས་ཐེག་ཁ་པར་དང་རླབས་ཐེག་གློག་འཕྲིན། ཨང་ཀིའི་ཁ་པར། མྱུར་ཚད་མཐོ་བའི་གཞི་གྲངས། ཨང་ཀིའི་བརྙན་འཕྲིན་སོགས་སྐྱེལ་གཏོང་བྱས་ཆོག་ཅིང་། འཐབ་ཇུས་ཀྱི་འཕྲིན་གཏོང་དང་ས་ཁོངས་ཀྱི་འཕྲིན་གཏོང་གི་མ་སྐུད་ནས་སྐྱེལ་གཏོང་བྱེད་པར་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཆོག་ལ། འཐབ་རྩལ་གྱི་འཁྱེར་འཕྲིན་དུའང་བཀོལ་སྤྱོད་བྱས་ཆོག །