སྒྲིག་འགལ་ཟ་འཐུང་དག་ཐེར་བྱེད་པ་ནི་གནས་སྐབས་ཙམ་མིན་ལ་གཅིག་དཔེ་བརྒྱ་འགེབས་ཀྱང་བྱེད་མི་རུང་།
发布时间:2025年07月01日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་པའི་སྒང་ཡིན་པས། ཏང་ཡོངས་ཀྱི་གོང་འོག་ཚང་མས་སྒྲིག་འགལ་ཟ་འཐུང་གི་གནད་དོན་ལ་མགོ་འབུར་མ་ཐག་ཏུ་རྡུང་བ་དང་ཆད་པ་ནན་གྱིས་གཅོད་པ་རྒྱུན་འཁྱོངས་བྱེད་དགོས། ཡིན་ཡང་ཏང་ཡོན་ལས་བྱེད་པ་ལ་ལས་ད་དུང་སློབ་སྦྱོང་སློབ་གསོའི་དུས་སྐབས་སུ་སྒྲིག་འགལ་གྱིས་ལྷན་དུ་ཟ་མ་ཟ་ཞིང་ཆང་འཐུང་བ་དེས“སྤྱོད་ཚུལ་བཞི”ཡི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ཡོད་པ་མཚོན་ཞིང་། དེས་སྒྲིག་འགལ་ཟ་འཐུང་ནི“དོན་ཆུང་གནོད་ཆུང་ཡིན་པར་སྨྲ་བ”དང“འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་སྨྲ་བ”“ལས་རིགས་དམིགས་བསལ་སྨྲ་བ”སོགས་ནོར་འཁྲུལ་གྱི་བསམ་བློ་ནི་མི་ལ་ལའི་སེམས་སུ་འཇགས་ཡོད་པ་ཤེས་ཐུབ།

སྒྲིག་འགལ་ཟ་འཐུང་ནི་དོན་ཆེན་ལ་མི་གནོད་པའི་དོན་དག་ཕྲན་ཚེགས་མིན་ཏེ། དེ་ནི་ཏང་གཤིས་དང་སྲིད་གཤིས། མིའི་བློ་ཁ་ཕྱོགས་མིན་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ཕྱི་ཚུལ་ནས་བལྟས་ན་ཟས་ཐུན་གཅིག་དང་ཆང་འཐུང་ཐེངས་གཅིག་ཡིན་མོད། དོན་གྱིས་ལྐོག་ཟ་རུལ་སུངས་གནད་དོན་གྱི་སྣ་འདྲེན་རེད། ཕྱི་ཚུལ་ནས་བལྟས་ན་ཁ་ལ་བདག་བྱེད་མ་ཐུབ་པ་ཡིན་མོད། དོན་གྱིས་བློ་རྩ་མ་བརྟན་པ་རེད། སྒྲིག་འགལ་ཟ་འཐུང་ནི་འཕེལ་རྒྱས་ལ་སྐུལ་བའི་འཇམ་འདྲེད་བྱེད་རྫས་མིན་པར། དེ་ནི་དབང་ལ་བརྟེན་ནས་ཁེ་ཕན་འཚོལ་བ་དང་ཁེ་ཕན་སྐྱེལ་བའི་མལ་ཁྲི་རུ་འགྱུར་སྲིད། ཕུགས་སུ་བལྟས་ན་རྒྱུན་ལྡན་གྱི་ཚོང་གཉེར་ཁོར་ཡུག་ལ་གཏོར་བརླག་གཏོང་བ་དང་། མཇུག་མཐར་ཐོན་ཁུངས་བཀོད་སྒྲིག་ནོར་བར་གྱུར་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ལས་ཆོད་ཇེ་དམའ་རུ་གཏོང་སྲིད།  ང་ཚོར་མཁོ་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡིན་པ་ལས་རྒྱས་བཟའ་རྒྱས་འཐུང་གིས་རྒྱུན་སྐྱོང་བའི་དར་རྒྱས་རྫུན་མ་དེ་མིན། སྒྲིག་འགལ་ཟ་འཐུང་ནི་སྒྲིག་ལམ་ལྷོད་པའི་ཁ་གཡོར་ས་མིན། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས། སྒྲིག་སྲོལ་ལམ་ལུགས་སྣ་ཚོགས་ཀྱི་མདུན་དུ་ལས་རིགས་གང་གིས་ཀྱང“ཐུན་མོང་མ་ཡིན་པ”དང“དམིགས་བསལ”བྱེད་མི་ཆོག་ལ། “བྱ་བའི་དགོས་མཁོ”དེ་སྒྲིག་འགལ་ཟ་འཐུང་གི་ཕུབ་ཏུ་བརྩི་མི་ཆོག

སྒྲིག་འགལ་ཟ་འཐུང་དག་ཐེར་བྱེད་པ་ནི་གནས་སྐབས་ཙམ་གྱི་རླུང་འཚུབ་གཏན་ནས་མིན། སྤྱོད་ཚུལ་ངན་པ་འགའ་ནི་ཀེའུ་འདྲེག་པ་དང་འདྲ་སྟེ། སྔ་མ་དྲེགས་ན་ཕྱི་མ་སྐྱེ་འོང་། དོན་གྱི་གནད་ནི་སྤྱོད་ཚུལ་གནད་དོན་གྱི་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལ་སྔོན་དཔག་བྱས་པ་མ་འདང་བས་རེད། ཏང་ཡོན་ལས་བྱེད་པ་ལ་ལས་སྟེས་དབང་གི་འདུ་ཤེས་བཅངས་ནས་ཡུད་ཙམ་བསྲན་ཞིང་ཡུད་ཙམ་བསྒུགས་ན་དོན་དག་གི་མགོ་ཡལ་འགྲོ་བར་འདོད་ཀྱིན་ཡོད། འདི་ནི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བའི་ཆོད་སེམས་དང་བློ་རྩ་བརྟན་པོ་གསལ་པོར་མ་ངེས་པ་རེད།

ཀྲུང་དབྱང་གི་གཏན་འབེབས་བརྒྱད་ནི་ཡུན་རིང་པོར་ནུས་པ་ཡོད་པའི་འགྱུར་མེད་སྒྲིག་ལམ་ནན་མོ་དེ་ཡིན། སྒྲིག་འགལ་ཟ་འཐུང་དག་ཐེར་བྱེད་པར་རྒྱུན་དུ་འཛིན་པའི་ངར་ཤུགས་དང་ནན་གྱིས་འཛིན་པའི་ངང་རིང་དགོས་ལ། ལྷག་པར་ཕུགས་འཛིན་པ་དང་རྩ་བ་བརྟན་པར་བྱེད་པའི་ལམ་ལུགས་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ཟ་འཐུང་གི་ཆབ་སྲིད་ཀྱི་གནོད་པར་ངོས་འཛིན་གསལ་པོ་རྙེད་པར་སློབ་གསོ་དང་སྣེ་ཁྲིད་བྱས་ཏེ་རང་འགུལ་ངང་ནོར་འཁྲུལ་གྱི་བསམ་བློ་སྣ་ཚོགས་ལ་འཐབ་རྩོད་བྱེད་དགོས་པར་མ་ཟད། ད་དུང་སློབ་བཤེར་བསྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ན་འོས། སློབ་སྦྱོང་སློབ་གསོའི་ཁྲོད་སྒྲིག་འགལ་ཟ་འཐུང་སོགས་ཀྱི་གནད་དོན་དག་ཐེར་བྱས་པའི་ལག་ལེན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཚད་ལྡན་འཐུས་ཚང་དང་སྤྱོད་སྒོ་ཆེ་བའི་ལམ་ལུགས་ཆགས་པར་བྱེད་དགོས་ལ། འདི་གཞིར་བཟུང་ནས་ད་ལྟ་བྱེད་མུས་དང་དཔེ་མཚོན་རང་བཞིན། ཁྲོམ་བསྒྲགས་བཅས་བཟུང་སྟེ་སྒྲིག་འགལ་ཟ་འཐུང་གི་ཕུག་ཏུ་ཡིབ་པའི་རུལ་སུངས་གནད་དོན་གཏིང་ནས་སྔོག་དགོས།

དུས་མཚུངས་སུ་མཉམ་འཇོག་བྱེད་དགོས་པ་ནི། སྒྲིག་འགལ་ཟ་འཐུང་དག་ཐེར་བྱེད་པའི་སྙིང་པོ་ནི“སྒྲིག་འགལ”ཡིན་པ་ལས་ཟ་འཐུང་མིན། བྱ་ཡུལ་གཙོ་བོ་ནི་ཏང་ཡོན་ལས་བྱེད་པ་དང་གཞུང་དོན་ལས་སྒྲུབ་པ་ཡིན་ཞིང་སྒོས་སུ་མགོ་ཁྲིད་ལས་བྱེད་པ་ཡིན། “སྒྲིག་འགལ”ཡིན་མིན་ནི། ཏང་གི་སྒྲིག་སྲོལ་གྱི་ཐད་ནས་གཙོ་བོ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཉེས་ཆད་སྲོལ་ཡིག》ཁྲོད་ཀྱི་གཞུང་དོན་སྣེ་ལེན་དང་ཚོང་དོན་སྣེ་ལེན་སོགས་ཀྱི་གཏན་འབེབས་ལ་ལྟ་བ་དང་། གཞུང་དོན་ལས་སྒྲུབ་པའི་དོ་དམ་གྱི་ངོས་ནས་གཙོ་བོ་ལྟ་ཞིབ་ཀྱི་ཁྲིམས་དང་གཞུང་དོན་ལས་སྒྲུབ་པའི་སྲིད་དོན་ཉེས་ཆད་ཀྱི་ཁྲིམས་སོགས་ལ་བལྟ་དགོས། ཀྲུང་དབྱང་ནས་ས་གནས་བར་གྱི“ཆང་འགོག་བཀའ་རྒྱ”སོ་སོའི་སྙིང་པོ་ནི་གཞུང་དོན་གྱི་བྱ་བ་ཚད་ལྡན་དུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་དམར་ཐིག་དམ་པོར་བསྲུང་རྒྱུ་འབའ་ཞིག་ཡིན་པ་ལས། མཐའ་གཅིག་ཏུ་རྒྱུན་ལྡན་གྱི་མིའི་འགྲོ་འོང་འགོག་རྒྱུ་དེ་མིན། ཏང་ཡོན་ལས་བྱེད་པར་རྒྱུན་ལྡན་གྱི་སྒེར་གྱི་འབྲེལ་བ་འཛུགས་པའི་དབང་ཆ་ཡོད་མོད། དེའི་སྔོན་འགྲོའི་ཆ་རྐྱེན་ནི“གཞུང་དོན་ལ་ཤུགས་རྐྱེན་མི་ཐེབས་པ”དང“སྤྱོད་གཙང་ལ་ཤུགས་རྐྱེན་མི་ཐེབས་པའི”ཚད་མཐའ་བསྲུང་རྒྱུ་དེ་ཡིན།

གཞུང་དོན་ལས་སྒྲུབ་པས་གཏན་ནས་ཆང་འཐུང་མི་ཆོག ལྷན་དུ་ཟ་མ་བཟའ་ཚེ་མི་གསུམ་གྱི་མན་ཡིན་དགོས་པ། ཟས་རིན་ངེས་པར་དུ་ཆ་སྙོམས་ཀྱིས་སྟེར་དགོས་པ་སོགས་མིག་སྔར་སྒྲིག་འགལ་ཟ་འཐུང་དག་ཐེར་བྱེད་པ་ལ་གོ་བ་ལོག་པའི་འགྲེལ་བཤད་བྱེད་ཚུལ་འགའ་ཞིག་ཡོད་པས་ངེས་པར་དོགས་ཟོན་བྱེད་དགོས། དངོས་ཐོག་བདེན་འཚོལ་ནི་ཏང་གི་རྩ་བའི་བསམ་བློ་གཏོང་སྟངས་དང་བྱ་བ་སྒྲུབ་ཐབས། སྣེ་ཁྲིད་ཐབས་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྒྲིག་འགལ་ཟ་འཐུང་དག་ཐེར་བྱེད་པའི་གོ་རིམ་ཁྲོད་ངེས་པར་དངོས་ཐོག་བདེན་འཚོལ་གཙོར་འཛིན་དགོས། སྒྲིག་འགལ་ཟ་འཐུང་དང་རྒྱུན་ལྡན་གྱི་བཟའ་བཏུང་འཛད་སྤྱོད་ཀྱི་དབྱེ་བ་འབྱེད་པར་མཉམ་འཇོག་བྱེད་དགོས་ཤིང་། “རྣམ་པ་བཞི”ཡང་དག་པར་བཀོལ་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས། སྒྲིག་འགལ་ཟ་འཐུང་དག་ཐེར་བྱེད་པ་དེ་རྒྱུན་ལྡན་གྱི་འཛད་སྤྱོད་བྱེད་པ་དང་ཚོང་རའི་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་སྐྱོད་བྱེད་པ་ལས་ལྡོག་ཟླར་ལངས་མི་རུང་། དག་ཐེར་བྱེད་པའི་ཐབས་ཤེས་ལ་མཐོང་ཆེན་བྱེད་དགོས་ལ། སྒྲིག་སྲོལ་དང་སྒྲིག་ཁྲིམས་དང་ཁྲིམས་ལྟར་ལྟ་ཞིབ་དང་ཞིབ་བཤེར་བྱེད་པ་ལས། བཟའ་བཏུང་ལས་རིགས་ཀྱི་རྒྱུན་ལྡན་གྱི་ཚོང་གཉེར་དང་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཛད་སྤྱོད་ལ་ཤུགས་རྐྱེན་ཐེབས་སུ་འཇུག་མི་རུང་ཞིང་། སྲིད་ཇུས་དང་འགལ་ནས་མཐའ་གཅིག་ཏུ་འགོག་པ་དང་རིམ་པ་སོ་སོས་གཅིག་ཐོག་གཉིས་སྤོར་བྱེད་མི་རུང་།

སྒྲིག་འགལ་ཟ་འཐུང་དག་ཐེར་བྱེད་པར“ལྷོད་གཡེང”བྱེད་མི་རུང་ཞིང་ལྷག་ཏུ“འཆལ”མི་རུང་། འབེན་ལ་གཏད་ནས་མདའ་འཕངས་ན་ད་གཟོད་ཕན་འབྲས་ཐོབ་ཐུབ། སྤྱོད་ཚུལ་ལེགས་པོར་བརྟེན་ནས་བླ་སྲོག་བསྐྲུན་ཞིང་སྟོབས་ཤུགས་དང་སེམས་ཤུགས་གཅིག་ཏུ་བསྒྲིལ་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དྭངས་གཙང་སྟོབས་ལྡན་གྱི་དཔའ་ཉམས་བསྩལ་ཐུབ་པ་ཁོ་ཐག་རེད། །