མཐོ་སྒང་གི་ཨིནྡྲ་ནཱི་ལར་བདག་སྐྱོང་བྱས་ནས་ཉ་རིགས་ཆུ་བྱའི་གནས་འཆའ་བའི་ཕུགས་འདུན་མཉམ་སྐྲུན་བྱེད་དགོས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབྱར་ཁའི་མཚོ་སྔོན་པོ་ཡངས་ཤིང་རྒྱ་ཆེ་ལ། སྤྲིན་དཀར་གྱི་འདབས་མ་མཚོ་ངོས་སུ་ལྡོག་གཟུགས་སུ་ཤར་ཡོད། ཟླ6པའི་ཚེས27ཉིན། ལམ་རིང་པོའི་མཛེས་ལྗོངས་ཡག་པོ་དང་འགྲོགས་ནས། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཚོ་སྔོན་པོ་ཁེ་རམ་ཐང་མཛེས་ལྗོངས་ཁུལ་དུ་བསྐྱོད་པ་དང་། ཤིང་ལམ་དེད་ནས་མདུན་དུ་སྐྱོད་པ་ན། རྐང་འོག་ནི་བརླན་ས་ཡིན་ལ། མཚོ་ངོས་ནི་ཉི་འོད་འོག་ཏུ་དངུལ་འོད་ལམ་ལམ་འཕྲོ་བཞིན་འདུག རྒྱང་རིང་གི་གངས་རི་དག་རླབས་རིས་ནང་རེས་མངོན་རེས་སྦས་ཚུལ་གྱིས་ལྡོག་བརྙན་དུ་ཤར་བ་ནི། མི་ཡུལ་གྱི་དག་ཞིང་དང་ཀུན་ནས་མཚུངས།
མཚོ་སྔོན་པོ་ཞེས་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་ལྟེམ་མེར་འཁྱིལ་བའི“མཐོ་སྒང་གི་ཨིནྡྲ་ནཱི་ལ”འདི་ཉིད། སྤྱི་ལེ་གྲུ་བཞི་མ4650.08ཀྱི་ཆུ་ཁོངས་ཆེན་པོ(2024ལོའི་བརྟག་འཇལ་གཞི་གྲངས)ལ་བརྟེན་ནས་རང་རྒྱལ་གྱི་སྐམ་སའི་ཚྭ་ཆུའི་མཚེའུ་ཆེ་ཤོས་སུ་གྱུར། ཆུའི་བོངས་ཚད་ཆེན་པོ་དང་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་ལ་བརྟེན་ནས། མཚོ་སྔོན་པོ་འདི་ཉིད་ཆུ་ལ་རྟེན་པའི་འདབ་ཆགས་དཀོན་པོའི་རྒྱུད་སྤེལ་དང་གནས་སྤོའི་ཕ་སར་གྱུར་པར་མ་ཟད། ནུབ་རྒྱུད་བྱེ་འགྱུར་ཤར་ཕྱོགས་སུ་མཆེད་པའི་འགོག་རགས་སྲུང་ཡོལ་དང་མདོ་དབུས་མཐོ་སྒང་གི་ཆེས་གལ་ཆེ་བའི“གནམ་གཤིས་སྙོམ་སྒྲིག་ཆས་ལྟ་བུར”ཡང་ཡོད་གྱུར་ཡོད།
“ཡིད་སྐྱོ་བ་ཞིག་ལ། མ་གཞི་མཚོ་དཀྱིལ་དུ་བསྲིངས་པའི་ཤིང་ལམ་དེ་ངའི་བརྙན་ལེན་པར་རྒྱག་གི་གནས་ཡག་པོ་ཞིག་ཏུ་འགྱུར་བར་བསམ་མོད། མ་བསམ་ས་ནས་མཚོ་ཆུ་རྒྱས་ནས་ཤིང་ལམ་བསྣུབས་འདུག ཡིན་ན་ཡང་མཚོ་སྔོན་པོའི་ཆུ་རྒྱས་པ་མཐོང་ཚེ། སེམས་ལ་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེ་འོང་།” ཉེ་འགྲམ་གྱི་ཡུལ་སྐོར་པའི་ཡིད་ཅུང་ཟད་སྐྱོ་བའི་སྐད་ཆ་ཐོས་པ་དང་། རྐང་ཚ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཞའོ་ཀྲི་ཡིས་འཛུམ་དམུལ་དམུལ་ངང་ནས། “2005ལོ་ནས་བཟུང་། མཚོ་སྔོན་པོའི་ཆུ་ཁོངས་རྒྱ་ཁྱོན་རིམ་བཞིན་ཇེ་ཆེར་ཕྱིན་པ་དང་། 2024ལོ་ཁོ་ནར་སྤྱི་ལེ་གྲུ་བཞི་མ28.1འཕར། ད་ལྟ་ཆུ་ཁོངས་རྒྱ་ཁྱོན་ལོ་རབས70སྔོན་གྱི་ཚད་ཐིག་ལ་སླེབས་འདུག ”ཅེས་ཟེར།
2021ལོའི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོ་ལ་དུས་ཚོད་ཕྱིར་ལོག་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་པོ་ཁེ་རམ་ཐང་ལ་ཕེབས་པ་དང་། མཚོ་སྔོན་པོའི་ཁོག་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ལ་ཡུལ་དངོས་གཟིགས་ཞིབ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ལེགས་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དངོས་འབེབས་ལེགས་པོ་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལེགས་པོ་བྱེད་དགོས། སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་ཡིན་ལ། ང་ཚོའི་གཏེར་མཛོད་ཀྱང་ཡིན།
མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་དང་། མཚོ་སྔོན་གྱིས་བཀའ་མངགས་ཟབ་མོ་ཡིད་ལ་དམ་པོར་བཟུང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དེ་གོ་གནས་དང་པོར་བཞག་པ། མཚོ་སྔོན་པོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཆེར་བསྐྱེད་པ། ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་རླན་ས་སྲུང་སྐྱོང་། ཀླུང་རྒྱ་བསྡམས་ནས་ཉ་གསོ་བ་སོགས་ཀྱི་བྱེད་ཐབས་ཤུགས་ཆེན་པོས་ལག་ལེན་དུ་བཏབ་པ། “མཚོ་དང་ཉ། བྱ”བཅས་སྲོག་ཤིང་རྒྱུ་རྐྱེན་ལ་དམིགས་ནས། བང་རིམ་མང་པ་དང་བསླངས་གཟུགས་ཅན་གྱི་སྲུང་སྐྱོང་མ་ལག་བཙུགས།
“མ་འགྱངས་པའི་སྔོན་ལ། ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)21ནས་ཡོང་བའི་བྱ་གཟིགས་འགྲན་ཞུགས་རུ་ཁག15མཚོ་སྔོན་པོར་བསྐྱོད་པ་དང་། ཁོ་ཚོས་ལྟ་ཞིབ་བརྒྱུད་ནས་མཚོ་སྐོར་ཆུ་རྟེན་གནས་འཆའ་ཁུལ་དང་མཚོ་འགྲམ་གྱི་བྱ་སྒྲ་ཅན་དང་གཏུམ་བྱ། གཅན་གཟན་རིགས་བཅས་ཀྱི་ཁྱབ་ཡུལ་ཟིན་ཐོར་བཀོད་ནས། མཚོ་སྔོན་པོའི་རི་སྐྱེ་སྲོག་ཆགས་ཀྱི་གསང་བར་འཚོལ་ཞིབ་བྱས། ཐེངས་འདིའི་བྱེད་སྒོར་འཐོབ་བྱ་ཕུན་སུམ་ཚོགས་པ་ཡོད། མཚོ་སྔོན་པོའི་བྱ་རིགས་གསར་པ9གསར་དུ་ཟིན་ཐོར་བཀོད་ཅིང་། དེའི་ཁྲོད་ཀྱི་མྱ་ངན་ཐང་ནགས་འཇོལ་མོ་ནི་མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་ཟིན་ཐོར་བཀོད་པའི་རིགས་ཤིག་ཡིན” ཞེས་ལིའུ་ཞའོ་ཀྲི་ཡིས་བཤད།
ད་སྐབས། མཚོ་སྔོན་པོའི་སྐྱེ་ཁམས་ཁེ་སྤོགས་བསྟུད་མར་གློད་གྲོལ་འབྱུང་བཞིན་ཡོད་དེ། རི་སྐྱེས་སྲོག་ཆགས་ཀྱི་རིགས་སྤྱི་གྲངས་འབོར་རིམ་བཞིན་ཇེ་མང་དུ་སོང་བ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་དྭགས་རྐྱང་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་སྲོགས་ཆགས་ཤྭ་དམར“བརྙན་མིག”ཏུ་རྒྱུན་པར་མཐོང་ཐུབ། རྐང་ཚྭ་རྫོང་གི་བརླན་སའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི14.38ལ་སླེབས་པ་དང་། ནགས་ཚལ་ཁེབས་ཚད4.51%ལ་སླེབས་ཤིང་། རྩྭ་ཐང་གི་ཕྱོགས་བསྡུས་སྡོང་འཛུགས་ཁེབས་ཚད70.68%ལ་སླེབས། རྐང་ཚྭ་རྫོང་གི་མཁའ་དབུགས་ལེགས་འགྱུར་ཚད98.8%ལ་སླེབས་ཤིང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཀའི་དཔྱད་ཞིབ་ཚད་གཞི་ལས་ལྷག་པར་གྱུར་ཡོད།
“ལོ་བཞིའི་རིང་ལ། རྐང་ཚྭ་རྫོང་གིས་སྤྱིའི་དངུལ་འབོར་སྒོར་ཁྲི3322.68བཏང་ནས། རྒྱལ་ཁོངས་ལྗང་སྒྱུར་སྲ་བརྟན་མཐོར་འདེགས་དང་རྩྭ་ཐང་སྐྱེ་ཁམས་བྱ་དགའི་ཁ་གསབ། རྩྭ་ཐང་གི་བྱི་གསོད་འབུ་བཅོས་སོགས་སྐྱེ་ཁམས་ཁོར་ཡུག་ཞིག་གསོ་བཅོས་སྐྱོང་བཟོ་སྐྲུན་གལ་ཆེན་དང་ཁེ་རམ་ཐང་སྐྱེ་ཁམས་སློབ་གསོ་རྟེན་གཞི་འཛུགས་སྐྲུན་བཅས་སྤྱི་འདོམས་ལག་བསྟར་བྱས་པ་དང་། སྐྱེ་ཁམས་སླར་གསོ་སྣ་ཚོགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི60.92སླེབས། འོམ་ཆུ་དང་ཁེ་རམ་ཐང་ཚབ་བྱེད་ཡིན་པའི་ན་འདམ་བརླན་སའི་སྡོང་འཛུགས་ཁེབས་ཚད་རིམ་བཞིན་མཐོར་བཏེགས་པ། སྐྱེ་ཁམས་བྱེད་ནུས་མུ་མཐུད་དུ་སླར་གསོ་བྱུང་བ་དང་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་ཏེ། མཐོ་སྒང་ལ་ཁྱད་དུ་ཡོད་པའི‘ཆུ་དང་རྩྭ། ཉ། བྱ། གཅན་གཟན’བཅས་མཉམ་གནས་ཀྱི་སྐྱེ་ཁམས་ཕྲེང་འབྲེལ་མངོན་ཡོདཅེས་ལིའུ་ཞའོ་ཀྲི་ཡིས་བཤད།
“འོམ་ཆུར་མེ་ཏོག་བཞད་དུས། གསེར་ཉ(མཚོ་སྔོན་པོའི་གསེར་ཉ)མཚོ་ནས་སླེབས་བྱུང་།” གཏམ་དཔེ་འདི་ཉིད་རྐང་ཚྭ་རྫོང་གི་མང་ཚོགས་ཀྱི་ཁ་རྒྱུན་ལ་དུས་སྔ་མོ་ཞིག་ནས་གྲགས་ཡོད། ད་ལྟ་ནི་མཚོ་སྔོན་པོའི་གསེར་ཉ་གྱེན་རྐྱལ་དུས་ཚིགས་ཀྱི་སྐབས་ཡིན། སྔོ་ཞིང་བསང་བའི་ནམ་མཁའི་འོག་ཏུ། མཐའ་མེད་པའི་རྩྭ་ཐང་དུ་ལྗང་མདངས་ཀྱིས་རབ་ཏུ་ཕྱུག་ཡོད་ཅིང་། འོམ་ཆུ་དང་མཚོ་འཁྱིལ་ཆུ་སོགས་ཆུ་ལམ་དུ། ཁྱུ་དང་ཁྱུ་བྱས་པའི་གསེར་ཉ་གྱེན་དུ་རྐྱལ་བཞིན་ཡོད་ལ། ལེ་བར་བཅུ་ཕྲག་ཁ་ཤས་སམ་བརྒྱ་ཕྲག་ཁ་ཤས་ཀྱི་ཆུ་ཁོངས་སུ་རྐྱལ་ཏེ། ཚྭ་མེད་ཆུའི་མཚམས་ལ་སླེབས་རྗེས་སྒོང་ང་འཇོག་བཞིན་མཆིས།
“ཉ་རིགས་འདབ་ཆགས་མཉམ་གནས་ནི་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་པོའི་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཀྱི་གྲུབ་འབྲས་གལ་ཆེན་གྲས་ཤིག་ཡིན་ལ། མཚོ་སྔོན་པོའི་ཆུ་ཁོངས་ཀྱི‘ཆུ་དང་བྱ། ཉ’བཅས་སྐྱེ་ཁམས་ཕྲེང་འབྲེལ་གྱི་བདེ་འཇགས་རྒྱུན་སྲུང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ།” མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཚན་རྩལ་མཉམ་ལས་དྲིལ་སྒྲོག་སློབ་ཁྲིད་ཁྲུའུ་ཡི་ཁྲུའུ་ཀྲང་ཚེ་རིང་རྒྱལ་གྱིས་དེ་ལྟར་བཤད། མཚོ་སྔོན་པོའི་གསེར་ཉ་གྱེན་དུ་རྐྱལ་བ་དེས་སྐྱེ་ཁམས་ལ་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི་ཟས་རིགས་ཕྲེང་འབྲེལ་གྱི་ལྷུ་ཚིགས་གལ་ཆེན་ཡིན་ལ། སྤྱིར་བཏང་གི་སོ་བྱ་དང་ཆུ་སྐྱར་སོགས་བྱ་རིགས་མང་པོས་དེ་ཉིད་ཁ་ཟས་སུ་བྱེད་ཅིང་། གསེར་ཉའི་ཁ་གྲངས་འགྱུར་ལྡོག་གིས་འདབ་ཆགས་ཀྱི་རིགས་སྤྱི་ལ་ཐད་ཀར་དུ་ཤུགས་རྐྱེན་ཐེབས་ཡོད།
རྐང་ཚྭ་རྫོང་གིས“ཕྲེང་འབྲེལ་ཧྲིལ་པོའི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་རྣམ་ཀུན་གྱི་ལྗང་མདོག་འཕེལ་རྒྱས”ཀྱི་གནས་སྟངས་གསར་པ་ཕྱོགས་ཡོངས་ནས་བཙུགས་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་རང་འགུལ་གྱིས་འདྲེས་སུ་བཅུག་པ། མཚོ་སྔོན་པོའི་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ། ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་རླན་ས་སྲུང་སྐྱོང་། སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་ཤུགས་ཆེན་པོས་ལག་ཏུ་བསྟར་བ། མཚོ་སྔོན་པོའི་གསེར་ཉ་གྲངས་འབོར་ཏུན་ཁྲི12.75ལ་སླེབས་ཤིང་། སྲུང་སྐྱོབ་ཀྱི་དུས་མགོ་དང་བསྡུར་ན་ཧ་ལམ་ལྡབ49འཕར་ཡོད། རྐང་ཚྭ་རྫོང་གིས་རིམ་རྩིས་ལྟར་ན་ཉ་ཕྲུག་དུང་ཕྱུར2.1ལས་བརྒལ་བ་མཚོར་བཏང་ཞིང་། མི་ཐབས་སྐྱེ་འཕེལ་གྱིས་བྱས་རྗེས་འཇོག་ཚད26%ལ་སླེབས།
དེ་རིང་། “ཆུའི་ཕྱེད་ཀ་དྭངས་མོ་ཆུ་དང་ཕྱེད་ཀ་ཉ་ཡིན་པའི”མཛེས་རྣམ་ལོ་རེ་བཞིན་དུ་དུས་ལྟར་སླེབས་ཡོང་། ཆུ་སྐྱར་མགོ་སྨུག་དང་སྤྱིར་བཏང་གི་འཇོལ་མོ་སོགས་ཆུ་བྱ་མཚོ་ངོས་སུ་རྒྱུ་སྟེ། “མི་དང་ཉ་མོ་མཉམ་སྡོད”དང་། “མི་དང་འདབ་ཆགས་མཉམ་སྐྱིད།” “མི་དང་མཚོ་མོ་མཉམ་གནས”ཀྱི་མཛེས་རིས་ཡིད་དུ་འོང་ཞིག་བྲིས་ཡོད།
ཞོགས་པའི་སྨུག་ལོང་ཁྲོད། ཁྱུ་དང་ཁྱུ་བྱས་པའི་དུས་བྱ་མཚོ་ངོས་སུ་རྒྱུ་བ་དང་། གཤོག་པའི་རྡེབ་ལྕག་དང་མཚོ་ཆུའི་རླབས་སྒྲས་མཉམ་དཀྲོལ་རོལ་མོ་ཞིག་གྲུབ། ཁེ་རམ་ཐང་མཛེས་ལྗོང་ཁུལ་གྱི་འགན་འཁུར་པ་ཚེ་དབང་ནོར་བུ་ཉིན་རྒྱུན་དང་འདྲ་བར། མཛེས་ལྗོང་ཁུལ་དུ་ཕྱོགས་གཅིག་ནས་སྒྲིག་ཆས་སོ་སོའི་འཁོར་སྐྱོད་གནས་ཚུལ་ལ་བརྟག་དཔྱད་བྱས་པ་དང་ཕྱོགས་གཅིག་ནས་མཛེས་ལྗོངས་ལ་རོལ་མྱོང་བྱེད་བཞིན་མཆིས།
“མིག་སྔར། མཛེས་ལྗོངས་ཁུལ་གྱི་རོལ་རྩེད་སྒྲིག་ཆས་སྔར་ལས་ལྷག་པར་ཆ་ཚང་དུ་གྱུར་པ་དང་། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གླིང་གི་འཛུགས་སྐྲུན་ལས་དོན་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་བཞིན་ཡོད། མ་འོངས་པར་ཕན་ཚུན་ནུས་འདོན་སྒོས་འགྲེམ་པ་དང་ཚན་རིག་ཁྱབ་གདལ་འཆད་ཁྲིད། ལག་ལེན་རོལ་མྱོང་སོགས་ཀྱི་རྣམ་པས། ས་གནས་དེ་གའི་སྐྱེ་ཁམས་ཤེས་བྱ་སྔོག་འདོན་ཟབ་མོ་བྱས་ཏེ། ཡུལ་སྐོར་པ་དང་ཁྱད་པར་དུ་ལོ་ཆུང་གཞོན་ནུའི་ཚོགས་ལ་རང་བྱུང་གི་གསང་བ་འཚོལ་ཞིབ་དང་སྐྱེ་ཁམས་ཤེས་བྱ་སློབ་སྦྱོང་གི་སྤུས་ལེགས་ལས་སྟེགས་འདོན་སྤྲོད་བྱས་ནས། ‘རིག་པ་རྩེད་མོའི་ཞོར་ལ་སྦྱོང་བའི’ཡོངས་སུ་གསར་རྐྱང་ཡིན་པའི་ཡུལ་སྐོར་རོལ་མྱོང་མངོན་དུ་འགྱུར་བར་རོགས་ཤུགས་བཏོན”ཞེས་ཚེ་དབང་ནོར་བུས་བཤད།
མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཀྱི་ཐོག་ཏུ་ཡོད་པ་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཀྱི་ཐོག་ཏུ་ཡོད་ལ། བག་ནུས་ཆེ་ཤོས་ཀྱང་སྐྱེ་ཁམས་ཀྱི་ཐོག་ཏུ་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ཐད་བླངས་པའི་གྲུབ་འབྲས་ལས་སླ་མོས་ཐོབ་པ་ཞིག་མིན་པས། གཅེས་སྤྲས་བླ་མེད་བྱེད་པ་དང་མུ་མཐུད་དུ་སྲ་བརྟན་རྒྱ་སྐྱེད་གཏོང་དགོས་ཞེས་ནན་གྱིས་བསྟན། འདིས་ང་ཚོས་མཚོ་སྔོན་པོ་སྲུང་སྐྱོང་ལེགས་པོ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང”ཞེས་ཚེ་རིང་རྒྱལ་གྱིས་བཤད། བསྟུད་མར་བཅོས་སྐྱོང་བྱས་པ་བརྒྱུད། མཚོ་སྔོན་པོའི་ཆུ་བོངས་རྒྱ་ཁྱོན་བསྟུན་མར་ལོ20ལ“ཇེ་མཐོ”ནས“ཇེ་ཆེར”ཕྱིན། 2024ལོར་ཤར་ཕྱོགས་ཁྲུང་ཁྲུང་དཀར་པོ་དང་གསའ་མཚོ་འགྲམ་དུ་མངོན་པ་ཐོག་མར་མཐོང་། མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་ཏུན་ཁྲི12.75ལ་སླེབས་པ་དང་། “སྟོང་ལ་ཉེ་བའི”སྲོག་ཆགས་ཀྱི་རིགས་ལས“སྟོང་རྒྱུར་ཉེན་ཁ་ཡོད་པའི”སྲོག་ཆགས་རིགས་སུ་གྱུར། བྱ་རིགས291དང་ཆུ་བྱ་ཁྲི60.6གིས་མཚོ་ངོས་སུ་འཁྱུག་རྩལ་ངོམ། རྒོད་དམར3400མཆོང་རྒྱུག་གི་གར་ལ་རོལ་ཏེ། མཚོ་སྔོན་པོའི“ཆུ་དང་རྩྭ། ཉ། བྱ། གཅན་གཟན”བཅས་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་སྔར་ལས་དོ་མཉམ་དུ་གྱུར།
“མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཁྲོད། ང་ཚོས་སྤྱི་གླིང་འཛུགས་པའི་ཁྱབ་ཁོངས་སུ་གཏན་འཁེལ་བྱ་རྩིས་ཡོད་པའི་སྤྱི་ལེ་གྲུ་བཞི་མ་ཁྲི1.04གདན་སྨིན་སྒོས་ཐག་བཅད་པ་དང་། ཐོག་མའི་ཕྱིར་ལྡོག་བཅོས་སྐྱོང་བསམ་འཆར24ལེགས་འགྲུབ་བྱས། ‘ཁུལ་གཉིས’ཀྱི་དོ་སྡོམ་བྱེད་ཐབས་ཞིབ་ཕྲར་བཏང་བ་དང་། ཆུ་ཁོངས་ཀྱི་བརྟག་འཇལ་ལ་བར་བརྒལ་གྱི་གོ་དོན་ཡོད་པ་གསར་གཏོད་སྒོས་བཏོན་པ། ‘ལྟེ་བ་གཅིག་ལ་ཁུལ་བཞི། སྐོར་བ་གཅིག་ལ་གནས་མང་པོའི’སྤྱི་གླིང་འཛུགས་སྐྲུན་བཀོད་སྒྲིག་བྱས། ད་ལྟ་རྩ་ཁོངས་བརྟག་དཔྱད་དང་ཁྱབ་ཁོངས་ཁུལ་དབྱེ། ལམ་ལུགས་འཛུགས་སྐྲུན། སྲུང་སྐྱོབ་སླར་གསོ། འགལ་བ་འདུམ་འགྲིག བརྟག་འཇལ་ལྟ་སྡོམ། ཚན་རིག་ཁྱབ་གདལ་དྲིལ་སྒྲོག སྡེ་ཁུལ་འཕེལ་རྒྱས་སོགས་ཕྱོགས8ཀྱི་ལས་འགན55ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས། མིག་སྔར་གསར་སྐྲུན་ཕན་འབྲས་དཔྱད་འཇོག་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་བླངས་ཡོད” ཅེས་ཚེ་རིང་རྒྱས་དེ་ལྟར་བཤད། ད་ལོ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་རྒྱལ་ཁབ་སྤྱི་གླིང་གི་བསྐྱར་ཞུས་དཔྱད་འཇོག་ལ་སྐུལ་འདེད་བཏང་ནས། སྔ་མོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པར་བརྩོན་ལེན་བྱེད་བཞིན་ཡོད།
མཚོ་སྔོན་པོ་ཆུ་གནས་མར་བབས་པ་ནས་བསྟུན་མར་ཡར་རྒྱས་པ་དང་མཚོ་ཆེན་པོའི“རྒྱལ་པོ་སླར་ཕེབས་པ”དང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྟོང་ལ་ཉེ་བ་ནས“ཉ་མོས་འཁྱུག་རྩལ་ཅི་དགར་ངོམ་པ”། རྒོད་དམར་རྩ་སྟོང་དུ་འགྲོ་ལ་ཉེ་བ་ནས་རིགས་སྤྱི་མུ་མཐུད་དུ་ཇེ་ཆེ་སོང་བའི་བར། ད་ལྟ་འབྱུང་བཞིན་པའི་འདི་དག་ཐམས་ཅད། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་ནུས་ལྡན་བྱས་པའི་གསོན་ཉམས་ལྡན་པའི་མངོན་ཚུལ་ཡིན་ལ། མདོ་དབུས་མཐོ་སྒང་དུ་ལྟེམ་མེར་འཁྱིལ་བའི་མུ་ཏིག་འོད་ཆེན་འདིས། མི་སེམས་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་རང་བྱུང་གི་མཛེས་སྡུག་ངོམ་བཞིན་ཡོད།
སྔོ་ལྟེམས་ལྟེམས་ཀྱི་མཚོ་ངོས་དང་ནམ་མཁའ་ཡུག་གཅིག་ཏུ་འདྲེས་པ་ནི། གནམ་ས་གཉིས་གནས་འདི་ནས་ལྷན་གཅིག་ཏུ་སྦྱར་བ་དང་ཡོངས་སུ་མཚུངས། སྤྱིར་བཏང་གི་སོ་བྱ་ཁྱུ་དང་ཁྱུ་བྱས་ནས་ཆུ་ངོས་སུ་རྩེན་པ་དང་། གཤོག་རླབས་ཀྱིས་ཆུ་ངོས་སུ་བརྡེབས་པ་ན་མུ་ཏིག་ལྟ་བུའི་ཆུ་ཡི་ཟེགས་མ་འཕྱོ། ངང་ཁྲུང་ཁྲ་ཁྲ་འདམ་རྩྭ་མཐུག་པོའི་གསེབ་ནས་རྒྱུ་བ་དང་། དཀར་ནག་བསྡེབས་པའི་བྱ་སྐེ་ནི་སྔོ་ཡོལ་ཁྲོད་དུ་རེས་མངོན་རེས་སྦས་སུ་འདུག ཆུ་སྐྱར་སྨུག་པོའི་བྱ་ཕྲུག་རེ་འགའ་ཨ་མའི་རྗེས་བསྙེགས་ནས། ལུས་ཕུང་སྒོར་དབྱིབས་དེ་བདེ་ལྕག་འཁྱུག་པོ་མ་ཡིན་པའི་ངང་གཟན་ཇི་ལྟར་འཚོལ་བ་སློབ་བཞིན་འདུག རྒྱང་རིང་དུ། རི་དྭགས་རྐྱང་དང་གཙོད་སྔ་དྲུག་རེ་ཁྱུ་བྱས་ནས་ཡོད་ཅིང་། སྐབས་རེར་ཡངས་ཤིང་རྒྱ་ཆེ་བའི་གནམ་སའི་བར་དུ་དལ་གྱིས་རྒྱུ་བ་དང་། མཚམས་རེར་བསིལ་རླུང་གིས་བྱིལ་བྱིལ་བྱས་པའི་རྩྭ་རླབས་ཁྲོད་མཆོང་རྒྱུག་བྱེད། འདི་དག་གིས་མཐོ་སྒང་གི་རང་བྱུང་གི་མཛེས་པ་མཐར་ཐུག་གྲུབ་འདུག སྐབས་དེར། དེ་ཚོ་ཐུན་མོང་སྒོས་མཐོ་སྒང་མཚོ་འགྲམ་གྱི་ཆེས་གསོན་ཉམས་ཀྱིས་ཕྱུག་པའི་དབྱར་ཁའི་སྙན་ངག་ཅིག་ཏུ་གྲུབ་ཡོད། །
པར་འདི་ནི་ཡུལ་སྐོར་པ་མགྱོགས་གྲུར་བསྡད་ནས་ཁེ་རེམ་ཐང་མཛེས་ལྗོངས་ཁུལ་དུ་རྩེད་འཇོ་ལ་རོལ་བའི་རྣམ་པ་ཡིན།

པར་འདི་ནི་མཚོ་སྔོན་པོའི་ཆུ་བྱ་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཚུལ་རེད།