ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་དུ“རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་སྡུར”གྱི་གྲ་སྒྲིག་སོགས་གཙོ་གནད་བྱ་བར་ལྟ་སྐུལ་མཛུབ་སྟོན་གནང་།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།། བཤེར་འབེབབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བ་སྐྱབས་ཀྱིས2025ལོའི་རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་འགྲན་མཚམས་གསུམ་པའི་འཇུ་ལག་ལམ་དུམ་གྱི་གྲ་སྒྲིག་གནས་ཚུལ་སོ་སོར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ལ། སློབ་གསོ་དང་སྨན་བཅོས་ཁྱབ་ཁོངས་ཀྱི་མཚོ་སྐྱོར་དང་དགོན་པའི་དོ་དམ་བྱ་བར་བརྟག་ཞིབ་གནང་།


ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་སེམས་ཉིད་ཡུལ་ཚོ་དང་ཤར་ཐང་གྲོང་རྡལ། ཆུ་མིག་གྲོང་རྡལ་བཅས་སུ་བགྲོད་ལམ་ཤར་གཏོང་དང་བདེ་སྲུང་གྲ་སྒྲིག ཁོར་ཡུག་བཅོས་སྐྱོང་། རྣམ་པ་བསྐྲུན་པ་སོགས་ཀྱི་བྱ་བའི་བཀོད་སྒྲིག་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་ཏེ“རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་སྡུར”གྱི་འཇུ་ལུག་ལམ་དུམ་གྱི་གྲ་སྒྲིག་བྱ་བ་སོ་སོ་ལེགས་པར་སྒྲུབས་པར་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན་ཏེ་ནན་གྱིས་བསྟན་དོན། ཐེངས་འདིའི"རབ་མཛེས་མཚོ་སྔོན་སྐོར་བའི་འགྲན་སྡུར"དེ"གསེར་མདོག་འཇུ་ལག་དང་། རྫས་ལྡན་མཛེས་ལྗོངས། ལྷ་ཡུལ་མདོ་ལ། སྔོ་ལྗང་རྩྭ་ཐང་། བོད་མཁར་རྐང་ཚ། དྭངས་གཙང་མཚོ་མོ། བདེ་བསྟན་མདའ་བཞི། གསར་བརྗེའི་གནས་མཆོག"བཅས་བརྒྱུད་མཐར་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ནས་མཇུག་སྒྲིལ་རྒྱུ་ཡིན་པ་དང་ལྷག་པར་ལམ་དུམ་གསུམ་པའི་སྤྱི་ལེ147ལ་ནགས་ཚལ་དང་རྩྭ་ཐང་། གངས་རི། ཆུ་བོ། གྲོང་སྡེ་སོགས་ཀྱི་མཛེས་ལྗོངས་བརྒྱུད་དེ་ལེ་དབར་བརྒྱ་ཡི་ལོག་དཀར་མེ་ཏོག་གི་རྒྱ་མཚོ་མིག་གི་དགའ་སྟོན་དུ་མངོན་ཡོང་ལ། "དག་སྣང་མཚོ་བྱང་། མདོག་ལྔའི་གཡང་སའི"ཡུལ་སྐོར་ཆས་རྟགས་གཏོད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པས་རྫོང་བཞི་དང་སྡེ་ཁག་སོ་སོས་ཆབ་སྲིད་ཚིགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་བྱ་བའི་འགན་འཁྲི་ནན་དུ་བཏང་ནས་འགྲན་སྡུར་བྱེད་སྒོ་མཚོ་བྱང་དུ་བདེ་བླག་དང་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས། འགྲན་སྡུར་ཞབས་ཞུའི་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་བྱ་བ་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ་དང་འགྲན་སྡུར་ཞབས་ཞུའི་འགན་ལེན་གྱི་བདེ་སྲུང་ལས་རེས་སོགས་ལྷུ་ཚིགས་ཀྱི་བྱ་བ་སླར་ཡང་བཀོད་སྒྲིག་དང་སླར་ཡང་ཇེ་ལེགས་སུ་བཏང་སྟེ"བདེ་འཇགས་ཨང་དང་པོར་འཇོག་རྒྱུ"དེ་བྱ་བའི་མཐའ་ཚད་དུ་བརྩིས་ནས"མི་གཏན་འཁེལ་དང་ལས་གནས་གཏན་འཁེལ། འགན་འཁྲི་གཏན་འཁེལ" བཅས་ཀྱི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་ཞིབ་ཚགས་བྱེད་དགོས། གོ་སྐབས་བཟང་པོ་བེད་སྤྱད་ཡག་པོ་བྱས་ཏེ་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཚོ་བྱང་གི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དྲིལ་སྒྲོག་ཤུགས་ཆེན་བྱས་ནས་དག་སྣང་མཚོ་བྱང་གི་ཡིད་དབང་འཕྲོག་ཤུགས་དང་ཡུལ་སྲོལ་གོམས་གཤིས་གང་ལེགས་མངོན་པར་བྱས་ཏེ། མཛེས་ལྗོངས་ལྟ་ན་སྡུག་པ་དང་རྣམ་པ་ཕུན་སུམ་ཚོགས་པའི་འགྲན་སྡུར་གྱི་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཟེར།


ཤ་བོ་སྐྱབས་ཀྱིས་ལུའུ་ཆིང་མཐོ་རིམ་སློབ་འབྲིང་དང་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་རུ་ཧྲན་ཏུང་གིས་རོགས་སྐྲུན་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ལ། མཐོ་རྒྱུགས་ཁྲོད་ཕུལ་བྱུང་གྲུབ་འབྲས་བླངས་པའི་སློབ་མར་རྟེན་འབྲེལ་ཞུས་པ་དང་རྒྱ་ཆེའི་སྨན་དོན་མི་སྣར་གུས་བཀུར་དང་ཐུགས་རྗེ་ཆེ་ཞུས་ནས་ནན་གྱིས་བསྟན་དོན། ཧྲན་ཏུང་རོགས་སྐྲུན་གྱི་ལས་སྟེགས་དང་ལས་གཞི་འཛུགས་སྐྲུན་གྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། སློབ་གསོ་དང་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། མཚོ་སྐྱོར་འཇོན་མི་་དང་ཆེད་མཁས་པའི་ཚན་རྩལ་གསར་གཏོད་དང་། ལག་རྩལ་གྱི་སྣེ་ཁྲིད་དང་དཔེ་སྟོན་ཁྱབ་འགྱེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གསོའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རུ་ཁག་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རང་ས་གནས་ཀྱི་འཇོན་མི་གསོ་སྐྱོང་གི་སྟོབས་ཤུགས་ཆེ་རུ་བཏང་སྟེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་རྫོགས་མེད་སྣོན་དགོས། སྔར་ལས་ལྷག་པའི་སྒོ་ནས་ཞན་ཆ་དང་མི་འདང་སར་ཤུགས་བསྣན་ནས་མཚོ་སྐྱོར་ཆེད་མཁས་པའི་སྣེ་ཁྲིད་དང་ཧྲན་ཏུང་གི་ལས་གཞིའི་རྒྱབ་སྐྱོར་འོག ལག་རྩལ་གསར་བ་དང་བསམ་བློ་གསར་བ་རྒྱ་ཁྱབ་ཏུ་བེད་སྤྱོད་དང་། སློབ་ཚན་སློབ་ཁྲིད་འཕོ་འགྱུར་སོགས་ཀྱི་བྱེད་ཐབས་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྨན་ཁང་གི་རིག་ཚན་མ་ལག་དང་སློབ་གསོ་སློབ་ཁྲིད་ཐབས་ཇུས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས་ཟེར།


ཤ་བོ་སྐྱབས་ཀྱིས་དེའུ་གཞུང་གྲོང་རྡལ་གྱི་ཏ་ཐན་དབྱི་སི་ལན་ཆོས་ཁང་དང་སེམས་ཉིད་ཡུལ་ཚོ་སེམས་ཉིད་དགོན་དུ་ཆོས་ལུགས་ལས་རིགས་མི་སྣ་དང་དགོན་འདུག་ལས་བྱེད་པ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ། དགོན་པའི་དགེ་འདུན་པ་དང་ཨ་ཧོང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་པ་དང་། དགོན་པའི་དཔེ་ཁང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ལྟ་ཞིབ་བྱས་པ་མ་ཟད་ཨ་ཧོང་དང་དགོན་སྡེ་དོ་དམ་ཨུ་ལྷན་དང་དམངས་དོན་དོ་དམ་ཨུ་ལྷན་གྱིས་ས་གནས་ཀྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་མཐུན་སྦྲེལ། སྤྱི་ཚོགས་འཆམ་མཐུན་སོགས་སྲུང་སྐྱོབ་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་དབུལ་བར་གདེང་འཇོག་གནང་སྟེ་ནན་གྱིས་བསྟན་དོན། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཆོས་ལུགས་འཚམ་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་རྒྱུན་མཐུད་ངང་འཇོག་པ་དང་ཆབ་སྲིད་ཐད་བློས་འགེལ་ཆོག་པ། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། སློབ་གསོ་དང་དོ་དམ། ཞབས་ཞུ་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ་ཁྲིམས་ལྟར་དགོན་སྡེའི་དོ་དམ་ལ་ཤུགས་བསྣན་ནས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཆོས་ལུགས་མི་སྣའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་དང་གོམས་སྲོལ་སྒྱུར་བ་སོགས་ཀྱི་བྱ་བ་དགོན་སྡེའི་སྒྲོག་འགྲེལ་གྱི་རྒྱུན་གཏན་ནང་ཁྱབ་པར་བྱེད་ནས་དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པར་མ་ཟད། དགོན་སྡེའི་རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཟེར།
ཁུལ་གྱི་མགོ་ཁྲིད་སངས་རྒྱས་དང་ཧོ་པིན་ལྟ་སྐུལ་མཛུབ་སྟོན་ལ་ཞུགས།