རྒྱལ་ཁབ་མང་པོའི་ཆེད་མཁས་པས་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་ལ་གྲོས་བསྡུར་བྱས་པ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནི“རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་འདུ་ཤེས་བཏོན་ནས་ལོ་འཁོར20ལོན་པའི་ལོ་ཡིན། འདུ་ཤེས་དེ་ནི་ཀྲུང་གོའི་ཡིན་ལ་འཛམ་གླིང་གི་ཡང་ཡིན།
ཚེས10ཉིན་ཞིན་ཧྭ་གསར་འགྱུར་ཁང་རྒྱལ་ཁབ་རྩེར་སོན་རིག་མཛོད་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱིས《རི་སྔོ་ཆུ་དྭངས་ཀྱིས་མཛེས་སྡུག་ལྡན་པའི་རི་མོ་འབྲི་བ་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཀྲུང་གོའི་གསར་གཏོད་དང་འཛམ་གླིང་གི་དོན་སྙིང》ཞེས་པའི་རིག་མཛོད་སྙན་ཞུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ཏེ། “རི་བོ་གཉིས”ཀྱི་འདུ་ཤེས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ཀྲུང་གོའི་ལག་ལེན། དེ་བཞིན་གོ་ལ་ཧྲིལ་པོའི་རིན་ཐང་བཅས་ལ་འགྲེལ་བཤད་གཏིང་ཟབ་བྱས་པས། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཆེད་མཁས་པས་གྲོས་བསྡུར་ཚ་པོ་བྱས།
སྙན་ཞུའི་ནང་བསྟན་དོན། རི་སྔོ་ཆུ་དྭངས་ནི་རང་བྱུང་རྒྱུ་ནོར་དང་སྐྱེ་ཁམས་ཀྱི་རྒྱུ་ནོར་ཡིན་ལ། སྤྱི་ཚོགས་ཀྱི་རྒྱུ་ནོར་དང་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན། ཀྲུང་གོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཚད་མཐོའི་ཐོག་ནས་འཕེལ་རྒྱས་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་པ། སྐྱེ་ཁམས་བཟང་པོ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཞིག་བཏོད་ཡོད། ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་འདིས་ཀྲུང་གོར་བདེ་སྐྱིད་བསྐྲུན་ཡོད་ལ་འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་ཡོད།
ཨ་རིའི་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཨན་ཏེ་ལུའུ·ཧྲི་ཝ་ཚི་ཡིས་བཤད་རྒྱུར།“རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ཀྱིས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་རྒྱས་བཤད་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ཀྱང་ཡིན་ཟེར།
ཧྲི་ཝ་ཚི་ཡིས་བཤད་རྒྱུར། འདུ་ཤེས་དེ་ཀྲུང་གོའི་ལག་ལེན་ཐོག་ནས་གསལ་བཤད་བྱས་ཡོད་པ་ནི། སྐྱེ་ཁམས་ཉམས་གསོ་དང་དཔལ་འབྱོར་འཕེལ་རྒྱས་དབར་རྩ་བའི་འགལ་བ་མེད་པ་སྟེ། འདས་ཟིན་པའི་ལོ་མང་རིང་། ཀྲུང་གོས་མི་འབོར་འབོར་ཆེན་དབུལ་ཐར་བྱས་པ་དང་ཆབས་ཅིག སྡོང་འཛུགས་ནགས་སྐྲུན་དང་མཁའ་རླུང་སྦགས་བཙོག་བཅོས་སྐྱོང་། དེ་བཞིན་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།
ཧང་ག་རི་པུའུ་ཏ་ཕེ་སིའི་ཡུན་རིང་རྒྱུན་མཐུད་རང་བཞིན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀེ་ལང་ཕིས་ཨེར·ཨའོ་ཏི་ལུའོ་ཡིས་བཤད་རྒྱུར། འདུ་ཤེས་འདིས་རི་སྔོ་ཆུ་དྭངས་དེ“ང་ཚོའི་རྒྱུ་ནོར”ཡིན་པ་མ་ཟད། དེ་ནི་འཁོར་སྐྱོད་བསྐྱར་སྐྱེས་བྱེད་ཆོག་པ་ཞིག་ཡིན་པ་གསོན་ཉམས་དོད་པའི་སྒོ་ནས་འགྲེལ་བཤད་བྱས་ཡོད། “འདུ་ཤེས་གལ་ཆེན་འདིས་ལས་རིགས་ཁག་གིས་བློ་བརྟན་འགྱུར་མེད་ངང་ཚེ་སྲོག་ཡོད་ཚད་འཆམ་མཐུན་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་སྐུལ་མ་གཏོང་ཐུབ་པར་ངས་སྙིང་ཐག་པ་ནས་རེ་བ་བྱེད་ཀྱི་ཡོད”ཟེར།
པེ་ཅིན་ནགས་ལས་སློབ་ཆེན་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིན་ཀྲེན་གྱིས་བཤད་རྒྱུར།“དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འགལ་བ་ནི་སྲོལ་རྒྱུན་བཟོ་ལས་དཔལ་ཡོན་གྱི་གནད་འགག་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་འཛུགས་པའི་གཏན་ཚིགས་ཀྱི་མགོ་འཛུགས་ས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཞིག་ཡིན་པས། དེའི་ལྟེ་བའི་འདུ་ཤེས་ནི‘རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན’པའི་སྡོམ་ཚིག་དེའི་ཐོག་ནས་མངོན་ཡོད”ཟེར།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་གོ་ལ་ཧྲིལ་པོར་འཕྲད་པའི་ཐུན་མོང་གི་འགྲན་སློང་དང་ཐུན་མོང་གི་འགན་འཁྲི་ཞིག་རེད། “རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”པའི་འདུ་ཤེས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གིས་འཕེལ་རྒྱས་དང་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་བྱེད་པར་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས་ཡོད་ལ། མིའི་རིགས་ཡོངས་ཀྱིས་བཟོ་ལས་གསར་བརྗེ་དང་དེའི་རྗེས་ཀྱི་འཛད་སྤྱོད་བྱེད་སྟངས་ལས་བརྒལ་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དུས་རིམ་སྔར་ལས་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པར་ཐབས་ལམ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོའི་ཇུས་གཞི“ལྗང་མདོག”ཕྱོགས་སུ་སྤེལ་བ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་སུ་དང་ལེན་བྱེད་མཁན་མང་པོ་འདུས་ཡོད།
ཧོ་ལན་ཝ་ཧོ་ཉིང་ཀེན་སློབ་ཆེན་དང་ཞིབ་འཇུག་ལྟེ་གནས་ཀྱི་ལས་རོགས་དགེ་རྒན་ཆེན་མོ་ཀྲུའུ་ཨན་ནཱ་ཡིས་ལོ་མང་རིང་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་ཞིབ་འཇུག་བྱས་ཡོད། ཁོང་གིས་བཤད་རྒྱུར།“རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”པའི་འདུ་ཤེས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་འཕེལ་རྒྱས་དང་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ་པའི་ལྟ་བ་འདི་འདྲ་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ལྟ་བ་འདི་ཀྲུང་གོའི་ཡིན་པ་མ་ཟད། འཛམ་གླིང་ཡོངས་སུ་རྒྱ་ཁྱབ་ཏུ་ཁས་ལེན་ཐོབ་ཡོད་ཟེར།
དབྱིན་ཇིའི་ལོན་ཏོན་སློབ་ཆེན་སློབ་གླིང་གི་དགེ་རྒན་ཆེན་མོ་སྨི་ཀྲི་ཧྥུའུ་ཡིས་དུས་ཡུན་རིང་པོར་གནམ་གཤིས་འགྱུར་ལྡོག་གི་དཔལ་འབྱོར་དང་སྲིད་ཇུས་ཞིབ་འཇུག་ལ་གཞོལ་བཞིན་ཡོད། ཁོང་གིས་བཤད་རྒྱུར།“རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”པའི་འདུ་ཤེས་ཀྱི་མཛུབ་ཁྲིད་འོག ཀྲུང་གོ་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་གཏིང་ཟབ་ངང་ཞུགས་པ་དང་། རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ནན་ཏན་བྱས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་རིམ། ནུས་པ་བཅས་དང་འཚམ་པའི་ཁོར་ཡུག་བཅོས་སྐྱོང་གི་འོས་འགན་རང་འགུལ་ངང་འཁུར་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་ཁས་ལེན་ཐོབ་ཡོད་ཟེར།
ལོ་མང་རིང་ལ།“རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”པའི་འདུ་ཤེས་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་བ་མ་ཟད། འཛམ་གླིང་ལའང་ཤུགས་རྐྱེན་རྒྱ་ཁྱབ་ཏུ་བཏང་བ་རེད། འདུ་ཤེས་འདིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ངོས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དོན་གཉེར་དང་དེང་རབས་ཅན་གྱི་འཕེལ་རིམ་མངོན་འགྱུར་བྱེད་པར་བསམ་བློའི་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་པ་དང་། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་བྱེད་པར་ཐབས་ལམ་གསར་པ་དང་གདམ་ག་གསར་པ་མཁོ་འདོན་བྱས་ཡོད། ལག་ལེན་ཁྲོད། ཀྲུང་གོས་གོ་ལ་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་ལ་རོགས་རམ་བྱེད་པའི་རྣམ་གྲངས་ཀྱིས་ས་ཁུལ་མང་པོ་ཞིག་ལ་ཕན་ཁེ་ཐོབ་ཡོད། དཔེར་ན། ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཏུ་ཀྲུང་གོ་ནས་ཡོང་བའི་སྲིན་རྩྭ་ལག་རྩལ་གསོ་སྦྱོང་རྣམ་གྲངས་ཀྱིས་ས་གནས་དེ་གའི་མང་ཚོགས་མང་པོ་དབུལ་ཐར་བྱེད་པ་དང་འཚོ་བ་དེ་བས་ལེགས་པ་དོན་གཉེར་བྱེད་པར་རོགས་རམ་བྱས་ཡོད། ཨ་ཧྥེ་རི་ཁར། ཀྲུང་གོས་སྤེལ་པའི“སྨྱུག་གིས་འགྱིག་གི་ཚབ་བྱེད་པའི”གྲོས་གཞི་བཏོན་ནས་སྤོས་འགྱིག་གི་སྦགས་བཙོག་ནུས་ལྡན་ངང་ཇེ་ཉུང་དུ་བཏང་བ་མ་ཟད། སྨྱུག་མའང་ས་གནས་དེ་གའི་མང་ཚོགས་ཀྱི་མིག་ལམ་དུ“ལྗང་མདོག་གསེར་རྒྱུར”འགྱུར་ཏུ་བཅུག་ཡོད།
ལིན་ཀྲེན་གྱིས་དཔེ་བཞག་ནས་བཤད་རྒྱུར། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མར་ལོ་མང་རིང་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ངོ་སྤྲོད་བྱེད་པའི་སློབ་ཁྲིད་གནང་བ་དང་། ཁོང་ཚོར་ལས་བྱ་འབྲི་སྐབས་བག་ཆགས་གཏིང་ཟབ་ཤོས་ཀྱི་གནད་དོན་ཞིག་གླེང་དུ་བཅུག་སྐབས། སློབ་གྲོགས་མང་པོ་ཞིག་གིས“རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”པའི་འདུ་ཤེས་བདམས་ཏེ། འདུ་ཤེས་དེས་ཇི་ལྟར་བྱས་ནས་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་བསམ་བློ་བཏང་ཡོད།
ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཡུན་ཧྥེ་ཡིས་བཤད་རྒྱུར། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ཀྱི་ལྗང་མདོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ལྗང་མདོག་འཕེལ་རྒྱས་རྣམ་གྲངས་མི་ཉུང་བ་ཞིག་གིས་རྒྱལ་ཁབ་དང་ས་ཁུལ་སྔར་ལས་མང་པོར་བདེ་སྐྱིད་བསྐྲུན་བཞིན་ཡོད། རྒྱལ་སྤྱིའི་མི་སྣ་དེ་བས་མང་པོ་ཞིག་གིས“རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན”པའི་འདུ་ཤེས་ཤེས་རྟོགས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་ཐེབས་རྩ། འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ལས་ཁུངས་ཀྱིས་ཀྱང་འདུ་ཤེས་དེར་ཚད་མཐོའི་ཁས་ལེན་བྱེད་ཀྱིན་ཡོད།
ཀྲང་ཡུན་ཧྥེ་ཡིས་ད་དུང་བསྟན་དོན། འདུ་ཤེས་དེ་དང་དེའི་ལག་ལེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་དོན་འཁྱོལ་བྱེད་པའི་དཔེ་མཚོན་བཙུགས་ཡོད་པས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་ཡོངས་ཁྱབ་ཀྱི་བློ་སྒོ་འབྱེད་པའི་རིན་ཐང་ལྡན་ཡོད། གོ་ལ་ཧྲིལ་པོར་ཉོ་ཚོང་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱབ་ལྗོངས་འོག འདུ་ཤེས་དེ་དང་དེའི་ལག་ལེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བློ་སྟོབས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད། །