ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་དུ་ཁུལ་ཡོངས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་གཙོ་གནད་ཁེ་ལས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་ཡིད་ཆེས་བརྟན་གཏོང་དང་དམ་པ་དོན་གཉེར་གྱིས་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྔར་ལས་ཆེ་བའི་སྒུལ་ནུས་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།
发布时间:2025年09月02日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ8པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་དུ་ཁུལ་ཡོངས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་གཙོ་གནད་ཁེ་ལས་ཀྱི་ཐོན་སྐྱེད་ལས་གཉེར་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། འཐབ་ས་དང་པོའི་ལས་བཟོ་བར་འཚམས་འདྲི་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་ནས་ནན་གྱིས་བསྟན་དོན། ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་གཏོང་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་བ་གསར་བཟོ་བཅས་བྱས་ནས་ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྔར་ལས་ལྷག་པའི་སྒུལ་ཤུགས་སྤྲོད་དགོས་ཟེར།

ཀྲུང་གོ་འབྲེལ་འཕྲིན་མཚོ་སྔོན་མཚོ་བྱང་གཞི་གྲངས་ལྟེ་གནས་ཀྱི་བཟོ་སྐྲུན་གྱི་གསར་སྐྲུན་ལས་གཞི་དང་། མཚོ་བྱང་ཁུལ་གྱི་གཞི་གྲངས་ལྟེ་གནས་གཉིས་པའི་གསར་སྐྲུན་ལས་གཞི། མདའ་བཞི་རྫོང་ལྗང་མདོག་རྩིས་ནུས་དང་ལྗང་མདོག་གློག་ནུས་བཅས་གཞི་གཅིག་ཅན་གྱི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ། ཤ་བོ་སྐྱབས་ཀྱིས་ལས་གཞིའི་འཕེལ་རིམ་དང་། ཨར་ལས་ཀྱི་དཀའ་གནད་དང་སྔོན་དཔག་རྩིས་སྤྲོད་དུས་ཚོད་སོགས་འགག་རྩའི་དཀའ་གནད་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ཨར་ལས་ཀྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། མེ་ཟོན་དང་གློག་འདོན། འཕྲུལ་ཆས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་ཡག་པོ་བྱས་ཏེ། དུས་ཚོད་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་སྤུས་ལེགས་རྩིས་ནུས་ལྟེ་གནས་བསྐྲུན་དགོས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ཏེ། ཧྲན་ཏུང་ལང་ཁྲོ་སྡེ་ཚོགས་དང་མ་འོངས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་། ལན་ཅན་ཅོན་ཞིན་སྡེ་ཚོགས། པེ་ཅིན་ཙུ་ཐེན་ཧོང་སྡེ་ཚོགས་སོགས་རྩིས་ནུས་ཁེ་ལས་ཆེ་ཤོས་དང་འབྲེལ་མཐུད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཕུགས་ཕན་འཕེལ་རྒྱས་ལ་གཞི་བཙུགས་ནས་ལྗང་མདོག་རྩིས་ནུས་ཐོན་ལས་སྤྱི་ཡོངས་ཀྱི་འཆར་འགོད་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་གླིང་ཁུལ་གཏོད་གང་ཐུབ་བྱས་ཏེ། ཁུལ་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཀྱི་སྤྱིའི་གཞི་ཁྱོན་ཁྲིPཡན་ཟིན་གང་ཐུབ་བྱེད་དགོས། རྩིས་ནུས་འཛུགས་སྐྲུན་དང་ནུས་རྒྱུ་གསར་བ་མཉམ་འདྲེས་གཏིང་ཟབ་བྱས་ནས་ནུས་རྒྱུ་གསར་བའི་དམིགས་ཚད་བརྩོན་ལེན་བྱེད་པ་སོགས་ཀྱི་འགག་རྩའི་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས། ལྔ་བཅོ་ལྔའི་འཕེལ་རྒྱས་ཀྱི་འཆར་འགོད་ལ་དམིགས་ནས་དམའ་དབྱིངས་དཔལ་འབྱོར་དང་སྤྱི་སྤྱོད་གནམ་ཐང་སོགས་ལས་གཞི་གལ་ཆེན་སྔོན་ལ་ཇུས་འགོད་བྱས་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་ཁྱབ་ཁོངས་མང་པོར་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

མདའ་བཞི་རྫོང་ཆུ་དམར་འགག་བཟོ་ལས་གླིང་གི་ལྗང་མདོག་སྐྱེ་ལྡན་ལུད་རྫས་སྤྱི་གཉེར་ཁང་དང་མཚོ་སྔོན་དུས་རབས་ཨོ་ཁའེ་གཏེར་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ཐོན་སྐྱེད་ཡུལ་དངོས་སུ། ཤ་བོ་སྐྱབས་ཀྱིས་ཐོན་སྐྱེད་གཞི་ཁྱོན་དང་ཚོང་རའི་ཕྱིར་འཚོང་། འཕེལ་རྒྱས་འཆར་འགོད། ཁེ་ལས་རྒྱ་སྐྱེད་དང་གདང་སྒྱུར་འཕེལ་རྒྱས་ཐད་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་ནན་གྱིས་བསྟན་དོན། མཚོ་བྱང་ཁུལ་གྱི་ལོ་སྟོད་ཀྱི་བཟོ་ལས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་ལ། ལོ་སྨད་དུ་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། ས་གནས་ཀྱི་སྐྱེ་ལྡན་ལུད་རྫས་ཁེ་ལས14ཡིས་ལག་རྩལ་སྒྱུར་བཀོད་དང་ཐོན་ནུས་རིམ་སྤོར་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱས་ནས། ཁུལ་ཁོངས་དང་ཉེ་འཁོར་ས་ཁུལ་གྱི་སྐྱེ་ལྡན་ལུད་རྫས་ཁྲོམ་རའི་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་སྐྱེ་ལྡན་ལུད་རྫས་སྤྱི་གཉེར་ཁང་གིས་ཐོན་ནུས་ཏུན་ཁྲི4.4ཟིན་པའི་ལོ་རེའི་ཐོན་སྐྱེད་ཆུ་ཚད་བརྩོན་ལེན་བྱེད་པར་སྐུལ་མ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ལ་བརྟེན་ནས་ཧྲན་ཏུང་སོགས་ཞིང་ཆེན་གཞན་གྱི་སྐྱེ་ལྡན་ལུད་རྫས་ཕྱིར་འཚོང་ཚོང་ར་རྒྱུན་མཐུད་ངང་རྒྱ་སྐྱེད་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་གཏོད་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པའི་ངེས་གནས་དང་ཐོན་ལས་ཀྱི་བཀོད་པར་དམིགས་ནས་ཀུའེ་པེ་ཀུའེ་ཙོ་མ་ལག་གི་རྒྱལ་ཁབ་ཀྱི་སྔོན་ཐོན་དཔེ་མཚོན་ལག་རྩལ་བེད་སྤྱོད་ཡག་པོ་བྱས་ཏེ། ཁྲོ་ལྕགས་ཐོན་ལས་ལྗང་མདོག་ཅན་དང་། རིག་ནུས་ཅན་གྱི་སྒྱུར་བཀོད་དང་ལྗང་ནུས་ཀྱི་ཚབ་བྱེད་ཐུབ་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། དུས་རབས་ཨོ་ཁའེ་གཏེར་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ད་ལོའི་རྒྱལ་ནང་གི་ཕྱིར་འཚོང་ཚད་སྒོར་ཁྲི6780ལ་སླེབས་ནས་ཕྱིར་གཏོང་གི་དངུལ་སྒོར་ཁྲི861.5མངོན་འགྱུར་བྱུང་ཡོད། ཟི་ལིང་འགག་སྒོ་དང་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱིར་གཏོང་གི་གཞི་ཁྱོན་ཆེ་རུ་བཏང་ནས། ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁོངས་གཏོགས་ཁུལ་དང་བཟོ་འཕྲིན་སོགས་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་རང་ངོས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་ཁེ་ལས་ལ་བརྟག་དཔྱད་བྱེད་པ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་མགྱོགས་མྱུར་སྒོས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་འཕེལ་བ་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

མདའ་བཞི་རྫོང་གཞོན་ནུ་ལོ་ཆུང་གསར་བརྗེའི་ཉམས་ཞིབ་སྒར་ས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་ཉམས་ལེན་ཁང་། ནུབ་མཚོ་ཅུན་ལྗོངས་གཟིགས་སྟེགས་བུ་ནས་ནན་གྱིས་བསྟན་དོན། གསར་བརྗེའི་ཉམས་ཞིབ་ཀྱི་གཙོ་ཐིག་དམ་པོར་བཟུང་སྟེ། སྨོན་ལམ་མཐོན་པོ་དང་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་སོགས་གསར་བརྗེའི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ། ཞག་སྡོད་དང་བཟའ་བཏུང་སོགས་ཀྱི་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ཧྲན་ཏུང་གི་གསར་བརྗེའི་ཉམས་ཞིབ་ཆེད་གཏོང་མེ་འཁོར་ལ་བརྩོན་ལེན་དང་ཉམས་ཞིབ་ལས་གཞི་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྤུས་དག་ལམ་ཐིག་འཆར་འགོད་བྱས་ཏེ། ན་ནིང་གི་གསར་བརྗེའི་ཉམས་ཞིབ་འཛིན་གྲྭ་ཐེངས65ཡི་མི་ཐེངས་ཁྲི1.2ཀྱི་ཆུ་ཚད་ལས་བརྒལ་ཏེ་འཛིན་གྲྭ་སྒྲུབ་ནུས་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། གསར་བརྗེའི་ཉམས་ཞིབ་ཆས་རྟགས་ལ་བཀྲག་མདངས་འཚེར་བ། ཞིང་ཆེན་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་རྟེན་གཞི་གལ་ཆེན་གཏོད་གང་ཐུབ་བྱེད་དགོས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དུས་རབས་ཀྱི་རིན་ཐང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྔོག་འདོན་བྱས་ཏེ། ཁེ་ཐུ་བྱེ་བཅོས་སོགས་སྐྱེ་ཁམས་བཅོས་སྐྱོང་བྱེད་པའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུར་བརྟེན་ནས། མཚོ་བྱང་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཡག་པོ་བཤད་དགོས། མཁར་ཟུར་གསུམ་གྲོང་རྡལ་གྱི་སྦྲུལ་ནག་ཐུར་རྒྱུག་རི་བོ་དེ་ནུབ་མཚོ་ཅུན་གྱི་ལྗོངས་གཟིགས་སྟེགས་བུ་རུ་བསྐྲུན་པ་དང་། 221རྟེན་གཞིའི་གནའ་ཤུལ་གྱི་སོ་ལྟ་ཁང6པ་བེད་སྤྱོད་ཡག་པོ་བྱེད་པ། ར་སྐོར་དང་བགྲོད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དམ་འཛིན་བྱས་ཏེ། ནུབ་མཚོ་ཅུན་གནའ་མཁར་གྱི་ལོ་རྒྱུས་དང་སྦྲུལ་ནག་ཐུར་རྒྱུག་རི་བོའི་སྐོར་གྱི་དམངས་ཁྲོད་གཏམ་རྒྱུད་སྔོག་འདོན་ཤུགས་ཆེན་བྱས་ནས་ནུབ་མཚོ་ཅུན་གྱི་ལྗོངས་གཟིགས་སྟེགས་བུ་དེ་མདའ་བཞིའི་གཙོ་གནད་ལྗོངས་ཁུལ་གྱི་ས་ཁམས་མཚོན་རྟགས་སུ་བསྐྲུན་དགོས་ཟེར།

དེའི་རིང་། ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་དུ་ཡུལ་དངོས་ནས་ཁུལ་ཡོངས་ཀྱིས་མ་དངུལ་སྒོར་ཁྲི1700ལྷག་ཙམ་བཏང་ནས་ལག་བསྟར་བྱས་པའི་སྨི་གྲུ་བཞི་མ56864ཅན་གྱི་མཁར་གྲོང་གཞུང་ལམ་གྱི་ས་དོང་ཞིག་གསོ་དང་བཅོས་སྒྲིག་བྱས་པའི་བྱ་བར་ཞིབ་བཤེར་བྱས་ཏེ། བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། དམངས་ཕན་སྲིད་ཇུས་ཁག་བདུན་དོན་འཁྱོལ་བྱེད་པ། མཁར་གྲོང་གི་གཞུང་ལམ་བདག་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ལིག་ཡུས་པིན་དང་ཚོ་ཅི་ཆང་། མདའ་བཞི་རྫོང་ཏང་ཨུ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་བྱས།