རྒྱལ་ཐོནHPVའགོག་སྨན་སྣ་ཁ་དགུ་པ་དངོས་སུ་སྤྱོད་འགོ་ཚུགས་པ།
发布时间:2025年09月12日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཚེས9ཉིན་གྱི་སྔ་དྲོར། ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་ཧའེ་ཚང་ཁུལ་དུ་རྒྱལ་ཐོནHPVའགོག་སྨན་སྣ་ཁ་དགུ་པ་རྒྱག་འགོ་བརྩམས་ཤིང་། དེས་རང་རྒྱལ་གྱིས་རང་རྟེན་ཞིབ་འཇུག་གསར་སྤེལ་བྱས་པའིHPVའགོག་སྨན་སྣ་ཁ་དགུ་པ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད་ལ། ལོ9ནས45བར་གྱི་བུད་མེད་རྣམས་ལ་སྔར་ལས་ཕྱོགས་ཡོངས་དང་ཁྱབ་རྒྱ་ཆེ་བའི་མངལ་སྐེའི་འབྲས་སྐྲན་སྔོན་འགོག་གི་གདམ་ག་མཁོ་འདོན་བྱས་ཡོད།

图片

རྒྱུས་ལོན་བྱུང་བ་ལྟར་ན། ལོ9ནས45བར་གྱི་བུད་མེད་ཀྱིས་འགོག་སྨན་དེ་རྒྱག་ཆོག་ཅིང་། དེའི་ཁྲོད་ལོ9ནས17བར་གྱི་མི་ཚོགས་ཀྱིས་རིམས་འགོག་སྨན་ཁབ་དེ་ཐེངས་གཉིས་ལས་རྒྱག་མི་དགོས་ལ། ལོ18ནས45བར་གྱི་བུད་མེད་ཀྱིས་རིམས་འགོག་སྨན་ཁབ་དེ་ཐེངས་གསུམ་ལ་རྒྱག་དགོས།

HPVཡིས་སྐྲན་ནད་གང་དག་སློང་སྲིད་དམ། 

སྣ་ཁ་མི་འདྲ་བའིHPVརིམས་འགོག་སྨན་ཁབ་ལ་ཁྱད་པར་ཅི་ཞིག་ཡོད། གནད་དོན་འདི་དག་ཁྱེད་ཀྱིས་ངེས་པར་དུ་ཤེས་དགོས། 

HPVཡིས་སྐྲན་ནད་གང་དག་སློང་སྲིད་དམ།

ཚང་མར་ཆ་རྒྱུས་ཡོད་པའི་མངལ་སྐེའི་འབྲས་སྐྲན་ཕུད། HPV(མིའི་ནུ་མགོའི་འབྲས་སྐྲན་ནད་དུག)ཡིས་ད་དུང་མངལ་ལམ་དང་། མཚན་མའི་ཕྱི་ངོས། བཤང་སྒོ།  ཁ་དང་གྲེ་བ། ཕོ་མཚན་སོགས་ལ་ནད་འགོ་རུ་འཇུག་སྲིད་པས། གནས་དེ་དག་གི་སྐྲན་ནད་དང་ཡང་འབྲེལ་བ་ཡོད།

སྤྱིའི་ཆ་ནས་བཤད་ན། ལོ་རེར་གོ་ལ་ཧྲིལ་པོར་ཧ་ལམ་སྐྲན་ནད་ཁྲི70ཙམHPVདང་འབྲེལ་བ་ཡོད་ཅིང་། དེའི་ཁྲོད་མངའ་སྐེའི་འབྲས་སྐྲན་ཕལ་ཆེར་ཁྲི53ཡོད།  གཞན་ད་དུང་བཤང་སྒོའི་འབྲས་སྐྲན་དང་མཚན་མའི་ཕྱི་ངོས་འབྲས་སྐྲན། ཁ་སྦུག་འབྲས་སྐྲན། ཕོ་མཚན་འབྲས་སྐྲན་སོགས་ཚུད་ཡོད། 

ཅིའི་ཕྱིརHPVརིམས་འགོག་སྨན་ཁབ་རྒྱག་པ་ནི་མངལ་སྐེའི་འབྲས་སྐྲན་གྱི་རིམ་པ་དང་པོའི་སྔོན་འགོག་ཡིན་ཟེར། 

ཡང་དག་པའི་སྒོ་ནསHPVརིམས་འགོག་སྨན་ཁབ་བརྒྱབ་ན། སྐབས་བསྟུནHPVའགོ་ཁྱབ་སྔོན་འགོག་ཐུབ་ཚད94%ཡིན།

སྣ་ཁ་མི་འདྲ་བའིHPVརིམས་འགོག་སྨན་ཁབ་ལ་ཁྱད་པར་ཅི་ཡོད། 

HPVའགོག་སྨན་སྣ་ཁ་གཉིས་པས་གཙོ་བོHPV16དང18རིགས་གཉིས་ཀྱི་ཉེན་ཁ་ཆེ་བའི་རིགས་ཀྱི་ནད་དུག་འགོ་ཁྱབ་ལ་སྔོན་འགོག་བྱེད་པ་དང་། མངལ་སྐེའི་འབྲས་སྐྲན་མང་ཆེ་བ་ནད་དུག་རིགས་དེ་གཉིས་རྒྱུན་མཐུད་འགོས་པ་དང་འབྲེལ་བ་ཡོད། དེའི་ཕྱིར། HPVའགོག་སྨན་སྣ་ཁ་གཉིས་པས་མངལ་སྐེའི་འབྲས་སྐྲན་མང་ཆེ་བ་སྔོན་འགོག་བྱེད་ཐུབ།

HPVའགོག་སྨན་སྣ་ཁ་བཞི་པ་ནི་སྣ་ཁ་གཉིས་པའི་རྨང་གཞིའི་སྟེངHPV11དང6རིགས་གཉིས་བསྣན་པ་དང་། ནད་དུག་དེ་ཚོས་གཙོ་བོ་བཤང་སྒོའི་སྐྱེ་འཕེལ་དབང་པོའི་གྲུ་གཟེར་སློང་སྲིད། 

HPVའགོག་སྨན་སྣ་ཁ་དགུ་པ་ནི་སྣ་ཁ་བཞི་པའི་རྨང་གཞིའི་སྟེང་ཉེན་ཁ་ཆེ་བའི་རིགས་ཀྱིHPVརིགས་གཞན་པ5བསྣན་ཡོད་པས། རིམ་འགོག་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་ཡོད། 

HPVརིམས་འགོག་སྨན་ཁབ་བརྒྱབ་རྗེས་སྔོན་འགོག་ནུས་པ་ཅི་འདྲ་འདུག 

མིག་སྔར་ཞིབ་འཇུག་ལས། HPVརིམས་འགོག་སྨན་ཁབ3བརྒྱབ་ཚར་མཁན་གྱིས་ཡང་བསྐྱར་རྒྱག་མི་དགོས། རིམས་འགོག་སྨན་ཁབ་བརྒྱབ་རྗེས། HPVཡང་བསྐྱར་འགོ་ཚད་ཆེས་ཆེར་དམའ་རུ་གཏོང་ཐུབ། 

དེ་དང་ཆབས་ཅིག ལུས་འབྲེལ་འབྱུང་སྐབས་བརྒྱུད་རིམ་ཧྲིལ་པོར་སྲུང་ཤུབས་གྱོན་རྒྱུ་ཧ་ཅང་གལ་ཆེ་བ་དང་། དེསHPVའགོ་ཁྱབ་འབྱུང་ཚད་ཆེས་ཆེར་དམའ་རུ་གཏོང་ཐུབ། 

HPVརིམས་འགོག་སྨན་ཁབ་བརྒྱབ་རྗེས། མངལ་སྐེའི་འབྲས་སྐྲན་ཚགས་བཤེར་བྱེད་དགོས་སམ།

ཐོག་མར་ལུས་འབྲེལ་ཡོད་པའི་བུད་མེད་ཅིག་ལ་མཚོན་ན། HPVརིམས་འགོག་སྨན་ཁབ་ནི་སྔོན་འགོག་རང་བཞིན་ཡིན་པ་ལས་སྨན་བཅོས་རང་བཞིན་མིན།

དེ་ནས་ཚགས་བཤེར་བྱེད་པར་ཡང་རིམས་འགོག་སྨན་ཁབ་བརྒྱབ་པ་ཡིས་ཤུགས་རྐྱེན་མི་ཐེབས། HPVརིམས་འགོག་བརྒྱབ་ཟིན་ནའང་དུས་བཀག་ལྟར་མངལ་སྐེའི་ཚགས་བཤེར་བྱེད་དགོས། ཕྱོགས་གཅིག་ནསHPVརིམས་འགོག་སྨན་ཁབ་ཀྱིས་མངལ་སྐེའི་འབྲས་སྐྲན་མང་ཆེ་བ་སྔོན་འགོག་བྱེད་ཐུབ་པ་ལས་ཚང་མ་སྔོན་འགོག་བྱེད་མི་ཐུབ། ཕྱོགས་གཞན་ཞིག་ནས་གལ་ཏེ་རིམས་འགོག་སྨན་ཁབ་མ་བརྒྱབ་གོང་ལHPVའགོས་ཡོད་ན། ཚགས་བཤེར་ལ་བརྟེན་ནས་དུས་ལྟར་ནད་འགྱུར་གྲལ་བཤེར་དང་། སྔ་ས་ནས་ཐེ་ཇུས་བྱེད་དགོས།