《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་གཏིང་ཟབ་ཏུ་འཛུགས་སྐྲུན་བྱེད་དགོས》ཞེས་པ་སྤེལ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས18པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་གཏིང་ཟབ་ཏུ་འཛུགས་སྐྲུན་བྱེད་དགོས》ཞེས་པ་སྤེལ།
རྩོམ་ཡིག་ལས་རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་པར་མ་ཟད། རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པའི་དགོས་མཁོའང་ཡིན། རང་རྒྱལ་འཛམ་གླིང་གི་འཛད་སྤྱོད་ཁྲོམ་ར་ཆེན་པོ་གཉིས་པ་ཡིན་པའི་ཆ་ནས། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་ངེས་པར་དུ་འཛུགས་སྐྲུན་བཟང་བོ་བྱས་ནས། ང་ཚོས་ཉེན་ཁ་དང་འགྲན་རྩོད་ལ་བརྟན་བརླིང་སྒོས་ཁ་གཏད་འཇལ་བའི་གཏིང་ཤུགས་ཇེ་དྲག་ཏུ་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྩ་བའི་བླང་བྱ་ནི"གཅིག་གྱུར་ལྔ་དང་སྒོ་འབྱེད་གཅིག"ཡིན། "གཅིག་གྱུར་ལྔ"ནི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་བྱེད་པ་དང་། ལྷག་པར་དུ་ཐོན་དབང་སྲུང་སྐྱོབ་དང་འདྲ་མཉམ་འགྲན་རྩོད། སྤུས་ཚད་ཚད་གཞི་སོགས་ལམ་ལུགས་ཀྱི་གཅིག་གྱུར་མངོན་འགྱུར་བྱེད་པ་དང་། ཁྲོམ་རའི་རྨང་གཞིའི་འཛུགས་སྐྲུན་གཅིག་གྱུར་བྱས་ནས་དངོས་ཟོག་འཁོར་རྒྱུག་དང་མ་དངུལ་འཁོར་རྒྱུག ཆ་འཕྲིན་འཁོར་རྒྱུག་ཐུབ་པར་བྱས་ཏེ། དེང་རབས་ཉོ་ཚོང་འཁོར་རྒྱུག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྲིད་གཞུང་གི་སྤྱོད་ལམ་ཚད་གཞི་གཅིག་གྱུར་བྱས་ནས་ས་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་ཚོང་འགུག་དངུལ་འདྲེན་བྱེད་པའི་སྐབས་སུ། བྱ་བ་གང་དག་སྒྲུབ་ཆོག་པ་དང་གང་དག་སྒྲུབ་མི་ཆོག་པའི་ཐད་སྒྲིལ་སྲོལ་གཏན་འབེབས་གསལ་བོ་བྱས་ཏེ། རང་སྣང་གང་འདོད་བྱེད་མི་ཆོག་པ། ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་གཅིག་གྱུར་བྱས་ནས། ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་སྲིད་འཛིན་ཆད་གཅོད་ཚད་གཞི་གཏན་འབེབས་གསལ་བོ་བྱས་ཏེ། ཚད་འཇལ་ནན་མོ་བྱེད་པ། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁྲོམ་ར་གཅིག་གྱུར་བྱས་ནས། རང་དབང་འཁོར་རྒྱུག་དང་ནུས་མཐོའི་བཀོད་སྒྲིག་ལ་སྐུལ་སྤེལ་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་ཐད་ནོར་འཁྱུག་འབྱུང་བ་དང་ཆུད་ཟོས་སུ་གཏོང་ཚད་ཇེ་ཉུང་དུ་གཏོང་བ་བཅས་ཡིན།"སྒོ་འབྱེད་གཅིག"ནི་རྒྱུན་ཆད་མེད་པར་སྒོ་འབྱེད་བྱེད་ཚད་ཆེ་རུ་བཏང་སྟེ། ཕྱི་ནང་སྒོ་འབྱེད་མཉམ་སྒུལ་ལག་བསྟར་བྱེད་པ་ལས། ཕྱི་ཕྱོགས་ལ་སྒོ་བཅད་ནས་འཁོར་སྐྱོད་མི་བྱེད་པ་དེ་ཡིན།
རྩོམ་ཡིག་ལས་བསྟན་དོན། གཙོ་གནད་དང་དཀའ་གནད་གཅིག་སྡུད་བྱས་ནས། ཆོད་ཆེམས་བརྟན་པོས་དཀའ་གནད་སེལ་བར་བྱེད་དགོས་ཏེ། ཁེ་ལས་ཀྱི་རིན་གོང་དམའ་ཞིང་གོ་རིམ་མེད་པར་འགྲན་རྩོད་བྱེད་པའི་ཟང་ཟིང་གི་རྣམ་པ་དག་ཐེར་ལེགས་བཅོས་བྱེད་དགོས་པ་དང་། "ནང་བསྒྲིལ"ཁུལ་གྱི་ལུགས་མཐུན་མིན་པའི་འགྲན་རྩོད་ཁྲིམས་སྲོལ་ལྟར་ནུས་ཡོད་སྒོས་བཅོས་སྐྱོང་བྱེད་དགོས། ལས་རིགས་མཐུན་ཚོགས་ཀྱི་རང་གཅུན་བྱེད་ནུས་སྔར་ལས་འདོན་སྤེལ་བཟང་བོ་བྱས་ཏེ་ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་ཁྲིད་སྟོན་བྱེད་པ་དང་། རྗེས་ལུས་ཀྱི་ཐོན་ནུས་གོ་རིམ་ལྡན་པའི་ངང་ཕྱིར་འབུད་པར་སྐུལ་འདེད་གཏོང་དགོས། གཉིས་ནི་སྲིད་གཞུང་གི་ཉོ་སྒྲུབ་དམིགས་འགུག་གི་ཟང་ཟིང་གི་རྣམ་པ་ཤུགས་ཆེན་པོས་དག་ཐེར་ལེགས་བཅོས་བྱེད་དགོས། རིན་གོང་ཆེས་དམའ་བའི་དམིགས་འཁེལ་དང་རྫུན་བཟོས་བདེན་འགྱུར། ཁེ་ཕན་ངན་འབྲེལ་སོགས་ཀྱི་འབུར་ཐོན་གནད་དོན་གཙོར་བཟུང་ནས་དག་ཐེར་ལེགས་བཅོས་བྱེད་དགོས་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་དང་དམིགས་འགུག་དམིགས་འཇུག་ཚད་ལྡན་དུ་བཏང་ནས། དམིགས་འཁེལ་མཇུག་འབྲས་ཀྱི་འདྲ་མཉམ་རང་བཞིན་གྱི་ཞིབ་བཤེར་ཇེ་དྲག་ཏུ་གཏོང་དགོས། གསུམ་ནི་ས་གནས་ཀྱི་ཚོང་འགུག་དངུལ་གཏོང་གི་ཟང་ཟིང་གི་རྣམ་པ་དག་ཐེར་ལེགས་བཅོས་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ས་གནས་ཚོང་འགུག་དངུལ་གཏོང་གི་སྤྱོད་ལམ་རྩིས་ཁྲ་གཏན་འཁེལ་བྱས་ཏེ། སྐུལ་མ་གཏོང་བ་དང་བཀག་འགོག་བྱེད་པའི་སྤྱོད་ལམ་གཏན་འབེབས་གསལ་བོ་བྱེད་དགོས་པ་དང་། ཚོང་འགུག་དངུལ་གཏོང་གི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། བཞི་ནི་ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱལ་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཕྱིར་གཏོང་དེ་ནང་ཁུལ་དུ་ཕྱིར་ཚོང་བྱེད་པར་བསྒྱུར་བའི་ཐབས་ལམ་གེགས་མེད་ཡོང་བར་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཚད་གཞིའི་གཅིག་མཐུན་རང་བཞིན་མཐོར་འདེགས་གཏོང་དགོས་པ་དང་། ཕྱི་ནང་ཉོ་ཚོང་གི་སྤུས་ལེགས་ཁེ་ལས་སྐོར་ཞིག་གསོ་སྐྱོང་བྱེད་དགོས། ལྔ་ནི་བཅའ་ཁྲིམས་ལམ་ལུགས་ཀྱི་མི་འདང་ས་ཤུགས་ཆེན་པོས་ཁ་གསབ་བྱེད་དགོས། རྒྱུན་ཆད་མེད་པར་ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཆེད་དོན་འགུལ་སྐྱོད་ཚད་ལྡན་སྒོས་སྤེལ་ཏེ། ཁྲོམ་ར་གཅིག་གྱུར་ལ་ཕན་པའི་ནོར་ཁྲལ་སྒྲིག་སྲོལ་དང་བསྡོམས་རྩིས་ཞིབ་རྩིས་ལམ་ལུགས། ཡིད་རྟོན་མ་ལག་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དྲུག་ནི་སྲིད་འབྲས་ལྟ་བའི་ནོར་འཁྲུལ་ཤུགས་ཆེན་པོས་དག་བཅོས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔྱད་ཞིབ་མ་ལག་དང་ལས་བྱེད་པའི་སྲིད་འབྲས་ལྟ་བའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པ་ནི་མཁྲེགས་གཏོར་འཐབ་འཛིང་ཞིག་ཡིན་པར་མ་ཟད། རྒྱུན་བསྲིང་འཐབ་འཛིང་ཞིག་ཀྱང་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས། ཀྲུང་དབྱང་དང་ས་གནས། ས་གནས་དང་ས་གནས། སྲིད་གཞུང་དང་ཁེ་ལས། ཁེ་ལས་དང་ཁེ་ལས་བཅས་ཀྱིས་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ནས་སྐུལ་འདེད་ཀྱི་མཉམ་ཤུགས་གྲུབ་པར་བྱེད་དགོས། །