བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་རྩེ་གྲ500ཡི་མིང་ཐོ་ཡོངས་བསྒྲགས་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཚེས20ཉིན། 2025ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་ཆེན་ཧོ་ཧྥེ་རུ་འཚོགས་པ་དང་། མགོ་ཚུགས་མཛད་སྒོའི་ཐོག 2025ལོའི་ཀྲུང་གོའི་བཟོ་སྐྲུན་ཁེ་ལས་རྩེ་གྲ500ཡི་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས་ཡོད། མིང་ཐོ་དེ་ལས་མངོན་པར། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཆེན་པོས་གསར་གཏོད་འགག་སྒྲོལ་ལ་བརྟེན་ནས་འགྲན་སློང་ལ་ཁ་གཏད་བཅག་པ་དང་། གྲུབ་ཆ་ལེགས་སྒྱུར་ལ་བརྟེན་ནས་རྨང་གཞི་བརྟན་དུ་བཏང་སྟེ་དངོས་གཟུགས་དཔལ་འབྱོར་གོང་འཕེལ་བརྟན་པོ་ཡོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

མིང་ཐོ་དེ་ལས་མངོན་པར། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཆེན་པོའི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ནི་གསར་གཏོད་ཀྱི་སྒུལ་ཤུགས་ཡིན། ཁེ་ལས་རྩེ་གྲ500ཡིས་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་བརྒྱ་ཆ2.45བར་མཐོ་རུ་བཏང་བ་དང་། གོ་ཆོད་ཁེ་བེད་བདག་ཐོབ་ཀྱི་ཁ་གྲངས་ཁྲི166ལས་བརྒལ་ཡོད། དེའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁ་གྲངས་བརྒྱ་ཆ50ལ་ཉེ་བ་ཟིན་ཡོད།

ཀྲུང་གོ་མི་དམངས་སློབ་ཆེན་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཏུའུ་ཡིས། མིང་ཐོ་དེའི་ནང་གསར་གཏོད་རང་བཞིན་གྱི་ཁེ་ལས་མང་ཙམ་ཚུད་འདུག ལག་རྩལ་ཞིབ་འཇུག་གསར་སྤེལ་དང་མ་དཔེ་གསར་གཏོད་སོགས་རྒྱུན་མཐུད་བྱས་པ་བརྒྱུད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་འདུག
ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ཚུན་དུ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གྲུབ་ཆ་རྒྱུན་མཐུད་ལེགས་སྒྱུར་ཐུབ་ཡོད། ཕྱོགས་གཅིག་ནས་སྲོལ་རྒྱུན་གྱི་ཐོན་ལས་མགྱོགས་མྱུར་བརྗེ་སྒྱུར་རིམ་སྤོར་བྱས་པ་དང་། ཞིབ་འཇུག་གསར་སྤེལ་གྱི་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་བཏང་ཡོད། ཕྱོགས་གཞན་ཞིག་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕར་སྣོན་བརྟན་པོ་བྱུང་བ་དང་། སྒུལ་ནུས་གསར་རྙིང་མགྱོགས་མྱུར་བརྗེ་སྒྱུར་ཐུབ་ཡོད། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་ཀྲུང་གོའི་བཟོ་སྐྲུན་ལས་རིགས་སྤུས་མཐོའི་གོང་འཕེལ་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཀྲུང་གོའི་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཧུང་རེན་གྱིས། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱས་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་དང་གོང་འཕེལ་གཏོང་ཇེ་མགྱོགས་སུ་བཏང་བ་དེས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་བྱེད་པ་དང་། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་མཐོར་གཏོང་ཐད་འགག་རྩའི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཐུབ་ཡོད། མིང་ཐོའི་ནང་ཚུད་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཀྱི་གྲངས་འབོར་རྒྱུན་མཐུད་མང་དུ་ཕྱིན་པ་དེ་ལས་རང་རྒྱལ་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་མགྱོགས་མྱུར་གཅིག་སྡུད་བྱེད་པ་དང་། སྲོལ་རྒྱུན་སྒུལ་ནུས་ཀྱི་སྤུས་ཚད་ལེགས་གཏོང་དང་རིམ་པ་མཐོར་གཏོང་གི་རྣམ་པ་བཟང་པོ་ཡོད་པ་མངོན་ཡོད་ཅེས་བཤད།