ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར76ལོན་པའི་སྣེ་ལེན་ཚོགས་འདུ་པེ་ཅིན་དུ་བསྡུས་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ལི་ཆང་གིས་མགོ་འཛིན་གནང་། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་བཅས་ཞུགས།

ཟླ9པའི་ཚེས30ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར76ལོན་པའི་སྣེ་ལེན་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར76ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས30ཉིན་གྱི་དགོང་མོ་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ནི་སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་བྱ་གཞག་ཅིག་རེད། རེ་སྒུག་དང་འགྲན་སློང་ཁྲོད་ནས་ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འབད་འཐབ་སྙིང་སྟོབས་ལ་སྐུལ་སྤེལ་བྱས་ཡོད། ང་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་དམ་ཟབ་ངང་མཐུན་སྒྲིལ་བྱས་ཏེ་བློ་སྟོབས་ཆེན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་ཏེ། འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་འབྲི་དགོས།

ཟླ9པའི་ཚེས30ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར76ལོན་པའི་སྣེ་ལེན་ཚོགས་འདུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་ཏང་དང་མི་དམངས་ཀྱི་མགོ་ཁྲིད་མི་སྣ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་རྣམས་ལྷན་གཅིག་ཏུ་འཛོམས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས།
ལི་ཆང་གིས་སྣེ་ལེན་ཚོགས་འདུར་མགོ་འཛིན་གནང་བ་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་སྣེ་ལེན་ཚོགས་འདུར་ཞུགས་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ800ལྷག་མཉམ་དུ་འཛོམས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།
མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་གློག་སྒྲོན་ཆེམ་ཆེམ་འཕྲོ་བ་དང་རྟེན་འབྲེལ་དང་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བརྗིད་ཉམས་ལྡན་པའི་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པ་དང་། “1949-2025”ཞེས་པའི་ཡིག་འབྲུ་ཆེན་པོའི་ལོ་རྟགས་དེ་དར་དམར་གྱི་བཀྲག་མདངས་འོག་ཏུ་སྔར་ལས་མངོན་གསལ་དོད་པོ་ཞིག་ཏུ་མཐོང་།
ཆུ་ཚོད17དང་སྐར་མ30ཙམ་ལ་དགའ་སྤྲོའི《མགྲོན་བསུའི་རོལ་དབྱངས》ཁྲོད་ཞི་ཅིན་ཕིང་སོགས་གསོལ་སྟོན་ཁང་དུ་ཕེབས་ནས་ཚང་མར་ཕྱག་གཡུག་གནང་སྟེ་གུས་འདུད་ཞུས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
སྣེ་ལེན་ཚོགས་འདུ་མགོ་བརྩམས་པ་ན། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཚོམས་ཆེན་ནང་ལྷང་ལྷང་དུ་གྲགས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་མཛད་ལ། དུས་ཡུན་རིང་པོར་ཀྲུང་གོའི་འཛུགས་སྐྲུན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མཛའ་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་གྲོགས་པོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར76ལོན་པའི་རིང་། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རང་སྟོབས་རང་སྤེལ་དང་རྒྱུན་མཐུད་འབད་འཐབ་བྱས་ནས་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ཀྲུང་ཧྭ་མི་རིགས་འཇིག་ཉེན་ལ་ཐུག་པ་ནས་བསྐྱར་དར་རླབས་ཆེན་ཕྱོགས་སུ་བསྐྱོད་པའི་ལམ་དུ་དཀའ་སྤྱད་འབད་བརྩོན་དང་དཀའ་ཚེགས་ཆེན་པོས་ཁེངས་ཡོད་ལ། ལམ་བར་དུ་དཔའ་སྟོབས་ཀྱིས་ཁེངས་པ་དང་རྒྱལ་ཁའི་གླུ་དབྱངས་མཐོན་པོར་བླངས་མྱོང་། ཉེ་སྔོན། ང་ཚོས་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་རྗེས་དྲན་གཟབ་རྒྱས་ཞུས་ཏེ། མི་རིགས་ཀྱི་སྙིང་སྟོབས་ཆེས་ཆེར་འཕེལ་བ་དང་། རྒྱལ་གཅེས་ཀྱི་སྤྲོ་སེམས་སྐུལ་སློང་། འབད་འཐབ་ཀྱི་སྟོབས་ཤུགས་གོང་བུར་འགྲིལ་ཡོད། ལོ་རྒྱུས་ཀྱི་ཉམས་མྱོང་མུ་མཐུད་བེད་སྤྱོད་ལེགས་པོ་བྱས་ནས་རྒྱལ་ཁབ་འཛུགས་སྐྲུན་སྔར་ལས་ལེགས་པོ་བྱས་ཏེ་འགོ་ཁྲིད་རྒན་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་གསར་གཏོད་བྱས་པའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནས་བཟུང་རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ་ང་ཚོས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་དམངས་འཚོའི་འགན་སྲུང་དང་ལེགས་སྒྱུར་གཏོང་པར་ཤུགས་སྣོན་དགོས། ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོབ་ཡོད། ཟླ་རྗེས་མར་ང་ཚོའི་ཏང་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞི་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུ་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་དང་འཐབ་ཇུས་བྱེད་ཐབས་འཆར་འགོད་ལག་བསྟར་ལེགས་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ལོན་པར་འགན་ལེན་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་སྔར་ལས་ལེགས་པར་འདྲེས་པར་རྒྱབ་སྐྱོར་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་སྒྱུར་སྔར་ལས་ལྷག་པར་བྱེད་དགོས། འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་བྱུང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས།
དགའ་སྤྲོའི་རོལ་དབྱངས་ཁྲོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་ཀྱིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར76ལོན་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས། ཀྲུང་གོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བརྩེ་ཡུན་རིང་གནས་ཐུབ་པའི་སྨོན་འདུན་ཞུས།
སྣེ་ལེན་ཚོགས་འདུར་ཞུགས་མཁན་གྱི་གྲས་སུ་ད་དུང་པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་དོན་ཨུ་ཡོན། རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མགོ་ཁྲིད་ཀྱི་ལས་གནས་ནས་ནས་དགོངས་ཞུ་བྱས་པའི་བློ་མཐུན། ཀྲུང་དབྱང་དམག་ཨུའི་ཨུ་ཡོན། སྔོན་ཆད་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་གྱི་འགན་འཁུར་མྱོང་བའི་བློ་མཐུན་བཅས་ཡོད།
ཀྲུང་དབྱང་གི་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་པ་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། པེ་ཅིན་དུ་ཡོད་པའི་གཟི་བརྗིད་མཚན་སྙན་བཅས་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་མི་སྣ་དང་སྔོན་ཐོན་མི་སྣའི་འཐུས་མི། མི་རིགས་ས་ཁུལ་གྱི་བརྟན་བརླིང་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ལ་བྱས་རྗེས་གལ་ཆེན་བཞག་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི། པེ་ཅིན་དུ་ཡོད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ་ཁ་ཤས་དང་། ཨོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ། ཐའེ་ཝན་སྤུན་ཟླ་དང་། ཕྱིར་སྡོད་རང་མི། ཕྱི་ཁོངས་ཀྲུང་གོ་པའི་འཐུས་མི། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་ཀྲུང་གོར་སྡོད་པའི་འཐུས་མི། ཕྱི་རྒྱལ་གྱི་ཆེད་མཁས་པ་སྐོར་ཞིག་ཀྱང་སྣེ་ལེན་ཚོགས་འདུར་ཞུགས། །