ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེང་ལི་ཝུན་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ་དང་ཀྲེན་ལི་ཝུན་གྱིས་ཕྱིར་གློག་འཕྲིན་བཏང་ནས་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས19ཉིན་ཀྲེང་ལི་ཝུན་ལ་གློག་འཕྲིན་བཏང་སྟེ། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས་པ་དང་། ལོ་མང་པོའི་རིང་ཏང་གཉིས་ཀྱིས“དགུ་གཉིས་གཅིག་མཐུན་ལྟ་ཚུལ”རྒྱུན་འཁྱོངས་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་། འགྲམ་གཉིས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་བརླིང་སྲུང་བར་འབད་བརྩོན་བྱས་ལ། འགྲམ་གཉིས་ཀྱི་སྤུན་ཟླའི་བརྩེ་བ་ཇེ་ཟབ་དང་འཚོ་བ་ཇེ་སྐྱིད་དུ་བཏང་སྟེ། ཕན་འབྲས་མངོན་གསལ་བླངས། དེང་སྐབས། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འགོག་ཐབས་བྲལ། རེ་བར་ཏང་གཉིས་ཀྱིས་ཐུན་མོང་གི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་དང་། རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་མཐུན་སྒྲིལ་བྱེད་པ། ཀྲུང་གོ་བའི་བློ་སྟོབས་དང་། སྙིང་སྟོབས། གདེང་ཚོད་བཅས་ཇེ་ཆེ་རུ་གཏོང་བ། སྤེལ་རེས་དང་མཉམ་ལས་ཡར་སྐུལ། མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཐུན་མོང་གི་ཁྱིམ་གཞིས་བློ་བརྟན་འགྱུར་མེད་སྒོས་སྲུང་བ། འགྲམ་གཉིས་ཀྱི་སྤུན་ཟླའི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས།
ཉིན་དེར། གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་ཕྱིར་གློག་འཕྲིན་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས། མོས་བསྟན་དོན། མཚོ་འགག་འགྲམ་གཉིས1992ལོ་ནས་རང་སོ་སོའི་ངག་ཐོག་ནས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་ཐུན་མོང་ངོས་འཛིན་ལ་གྲོས་མཐུན་བྱུང་། ཏང་གཉིས་ཀྱིས“དགུ་གཉིས་གཅིག་མཐུན་ལྟ་ཚུལ”རྒྱུན་འཁྱོངས་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མང་པོ་བླངས། འགྲམ་གཉིས་ནི་ཡན་ཧོང་གི་བུ་རབས་ཚ་རྒྱུད་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པས། ཏང་གཉིས་ཀྱིས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་། འགྲམ་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་བརླིང་ཡར་སྐུལ་བྱས་ཏེ། འགྲམ་གཉིས་ཀྱི་མི་དམངས་ལ་ཆེས་ཆེ་བའི་བདེ་སྐྱིད་བསྐྲུན་པ་དང་། མི་རིགས་བསྐྱར་དར་ལ་བརྗིད་ཆེའི་མདུན་ལམ་བསྐྲུན་དགོས། །