ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།
(2025ལོའི་ཟླ10པའི་ཚེས23ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོས་འཆམ་བྱུང)
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ10པའི་ཚེས20ཉིན་ནས་ཚེས23ཉིན་བར་པེ་ཅིན་དུ་འཚོགས།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཨུ་ཡོན168དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན147ཞུགས་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་རྣམས་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་ཆེད་མཁས་པ། ཤེས་ཡོན་པ་ཁ་ཤས་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མགོ་འཛིན་བྱས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ10པའི་ཚེས20ཉིན་ནས་ཚེས23ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ10པའི་ཚེས20ཉིན་ནས་ཚེས23ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུ་ལ་མཉན་པ་དང་བགྲོ་གླེང་བྱས། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བཟོས་པའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས《གྲོས་གཞི(བགྲོ་གླེང་མ་ཟིན)》ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བྱ་བར་ཁས་ལེན་གང་ལེགས་གནང་། ཚང་མའི་སེམས་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་བྱས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་པ། ཁྱོན་ཡོངས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ།“གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ།“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དྲིལ་སྒྲོག་དང་བསམ་བློའི་རིག་གནས་བྱ་བར་ཤུགས་སྣོན་པ། དམངས་འཚོ་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་གིས་ལེགས་འཛིན་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཀང་ཨའོ་བྱ་བ་དང་ཐེ་ཝན་བྱ་བ་ལེགས་པོར་བསྒྲུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་བྱ་བར་གཏིང་ཟབ་སྒོས་སྐུལ་འདེད་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ཀྱི་སླར་གསོ་རིམ་སྤར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དམིགས་འབེན་ལས་འགན་གཙོ་བོ་མི་འགྱངས་པར་རྒྱལ་ཁའི་ངང་འགྲུབ་རྒྱུ་རེད། ཀྲུང་གོ་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁབ་ཐོབ་ནས་ལོ་ངོ80འཁོར་བར་གཟབ་རྒྱས་ངང་རྗེས་དྲན་བྱས་ཏེ། མི་རིགས་ཀྱི་སྙིང་སྟོབས་ཆེ་ཆེར་དར་སྤེལ་དང་རྒྱལ་གཅེས་དུངས་ཞེན་སྐུལ་སློང་བྱེད་པ། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པར་སྙམ།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ10པའི་ཚེས20ཉིན་ནས་ཚེས23ཉིན་བར་པེ་ཅིན་དུ་འཚོགས། འདི་ནི་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།
ཚང་འཛོམས་གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་མཐོན་པོ་བྱས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ནི་ཧ་ཅང་རྒྱུན་ལྡན་དང་སྤྱིར་བཏང་མ་ཡིན་པ་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གི་ལས་འགན་ལ་གདོང་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་བྱས་ཏེ་དཀའ་ངལ་གདོང་གིས་བསུས་ནས་མདུན་དུ་སྐྱོད་པ་དང་། དུས་རབས་ཀྱི་རིམས་ནད་ཚབས་ཆེན་གྱི་ཕོག་ཐུག་གི་ཉན་སད་ཐེག་ཐུབ་པ་དང་ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་ནུས་ལྡན་གྱིས་ཁ་གཏད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་།ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་གསར་པ་སྤོ་བ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལ་གསར་པ་མངོན་འགྱུར་བྱེད་པར་མགོ་ལེགས་པོ་བརྩམས་ཡོད།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་སྐས་རིམ་ལྟར་རིམ་འཕེལ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས་འབད་བརྩོན་ལྷོད་མེད་དང་མུ་མཐུད་འབད་འཐབ་བྱ་དགོས་པ་ཡིན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་སྟོབས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་སྔ་མཐུད་ཕྱི་གཏོད་བྱེད་པའི་གོ་གནས་གལ་ཆེན་ལྡན་ཡོད། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་གཏིང་ཟབ་དང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་ཞིང་། རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས་དང་ངེས་གཏན་མིན་པའི་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་གནས་ཡོད། རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པོ་དང་ལེགས་ཆ་མང་བ། མཉེན་གཤིས་དྲག་བ། སྦས་ནུས་པ་ཆེ་བ་བཅས་ཡིན་པས། ཡུན་རིང་ཇེ་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དང་། གཞི་ཁྱོན་ཚད་བརྒལ་གྱི་ཁྲོམ་རའི་དགེ་མཚན། ཐོན་ལས་མ་ལག་ཆ་ཚང་བའི་དགེ་མཚན། འཇོན་མིའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་བཅས་སྔར་བས་མངོན་ཡོད། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་།“འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ནས། ངེས་པར་དུ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། འགྱུར་ལྡོག་ལ་ངོས་འཛིན་ཧུར་ཐག་དང་འགྱུར་ལྡོག་ལ་བསྟུན་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། རླུང་ཆེ་རླབས་དྲག་དང་ཐ་ན་རྦ་རླབས་དྲག་པོ་བཅས་ཀྱི་ཉམས་སད་ཆེན་པོར་གདོང་གཏོད་ཕོད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་ཁྱད་བསོད་དང་། ཉེན་ཁར་འཐབ་པ། འགྲན་སློང་ལ་གདོང་གཏོད་པ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་དོན་དག་ལེགས་པར་བསྒྲུབ་པ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་དུ་བྲིས་ཏེ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད། ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཞིང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱི་ཡི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ཅིང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་གྱིས་བསྐྲུན་པ། བརྟན་ཐོག་ཡར་བརྩོན་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་བརྗོད་དོན་གཙོ་བོར་བྱེད་པ། བཅོས་བསྒྱུར་གསར་སྐྲུན་དེ་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་བཞིན་འཕེལ་བའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་སྐོང་བ་དེ་རྩ་བའི་དམིགས་འབེན་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་རྩ་བའི་འགན་སྲུང་དུ་བྱེད་པ། དཔལ་འབྱོར་ལ་དངོས་གནས་སྤུས་ཚད་ཐད་ཀྱི་མཐོར་འདེགས་ནུས་ལྡན་དང་གྲངས་ཚད་ཐད་ཀྱི་ལུགས་མཐུན་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པར་གཞི་རྩའི་སྟེང་ནས་ཁག་ཐེག་ནན་མོ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ངེས་པར་དུ་གཤམ་གྱི་རྩ་དོན་དག་བརྩི་བསྲུང་བྱེད་དགོས་ཏེ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་རྒྱུན་འཁྱོངས་བྱེད་པ། ནུས་ལྡན་ཁྲོམ་ར་དང་ནུས་ཡོད་སྲིད་གཞུང་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ10པའི་ཚེས20ཉིན་ནས་ཚེས23ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ལེན་པ་དང་། ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་ཆུ་ཚད་མཐོར་འདེགས་ཆེན་པོ་གཏོང་བ། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་སྔར་བས་ཐོད་བརྒལ་གསར་པ་འབྱུང་བ། སྤྱི་ཚོགས་དཔལ་ཡོན་གྱི་ཚད་མངོན་གསལ་གྱིས་མཐོར་འདེགས་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཀ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་གནད་ཆེའི་གྲུབ་འབྲས་གསར་པ་ལེན་པ། རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་སྔར་བས་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། དེའི་རྨང་གཞིའི་སྟེང་དུ་ད་དུང་ལོ་ལྔ་ལ་འབད་འཐབ་བྱས་ན། ཉིས་སྟོང་སོ་ལྔ་ལོར་སླེབས་དུས་རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་ལ་མཐོར་འདེགས་ཆེན་པོ་བྱུང་ནས། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དར་རྒྱས་འབྲིང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་ཤིང་། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་སྟེང་ནས་མངོན་འགྱུར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་། དངོས་གཞིའི་དཔལ་འབྱོར་གྱི་རྩ་བ་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། དཔལ་འབྱོར་གོང་འཕེལ་གྱི་ཤུགས་འདོན་ས་དེ་དངོས་གཞིའི་དཔལ་འབྱོར་སྟེང་བཞག་སྟེ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གསར་བཟོའི་སྟོབས་ལྡན་རྒྱལ་ཁབ་དང་སྤུས་ཚད་སྟོབས་ལྡན་རྒྱལ་ཁབ། མཁའ་འགྲུལ་སྟོབས་ལྡན་རྒྱལ་ཁབ། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་བཅས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ནས། བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་སྲུང་འཛིན་བྱེད་པ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་གཞི་རྐང་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་རིམ་སྤར་བྱེད་པ་དང་། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད་བཏང་སྟེ། ཞབས་ཞུའི་ལས་རིགས་ལེགས་སྒྱུར་གྱི་ཕྱོད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2025ལོའི་ཟླ10པའི་ཚེས20ཉིན་ནས་ཚེས23ཉིན་བར་པེ་ཅིན་དུ་འཚོགས།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཇེ་མགྱོགས་སུ་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འགྱུར་ལྡོག་གི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཁབ་ཀྱི་གསར་སྐྲུན་མ་ལག་གི་སྤྱི་ཡོངས་ཀྱི་ནུས་ཕྱོད་མཐོར་འདེགས་གཏོང་བ། རང་བདག་གསར་སྐྲུན་ནུས་པ་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་བ། ཚན་རྩལ་འཕེལ་རྒྱས་ཀྱི་མཐོ་ཚད་བརྩོན་སྙེག་བྱེད་པ་བཅས་ཀྱིས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་འབྱུང་བར་བྱེད་དགོས། གདོད་མའི་གསར་གཏོད་དང་གནད་འགག་གི་སྲོག་ཤིང་ལག་རྩལ་གྱི་འགག་སྒོ་ལ་ཤུགས་སྣོན་པ་དང་། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་གཏིང་ཟབ་སྒོས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་འཕེལ་རྒྱས་ལ་གཞི་གཅིག་ཅན་གྱི་སྐུལ་སྤེལ་བྱས་ནས། ཨང་ཀིའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། སྟོབས་ཆེ་བའི་རྒྱལ་ནང་གི་ཁྲོམ་ར་བཙུགས་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་གྱིས་འཛུགས་དགོས། ནང་མཁོ་ཞེས་པའི་འཐབ་ཇུས་ཀྱི་གཞི་རྟེན་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོར་ཕན་ཞིང་འཛད་སྤྱོད་ལ་སྐུལ་བ་དང་། དངོས་པོར་མ་རྩ་གཏོང་བ་དང་མི་ལ་མ་རྩ་གཏོང་བ་ཟུང་འབྲེལ་ཡོང་བ་རྒྱུན་འཁྱོངས་བྱེད་པ། དགོས་མཁོ་གསར་པས་མཁོ་འདོན་གསར་པར་སྣེ་ཁྲིད་པ་དང་། མཁོ་འདོན་གསར་པས་དགོས་མཁོ་གསར་པ་གསར་བསྐྲུན་པ། འཛད་སྤྱོད་དང་མ་རྩ་གཏོང་བ། མཁོ་འདོན་དང་དགོས་མཁོ་བཅས་ཕན་ཚུན་བར་སྐུལ་སྤེལ་ལེགས་པོར་གཏོང་བ་བཅས་ཀྱིས། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོའི་ནང་སྐྱེད་སྒུལ་ཤུགས་དང་བློ་གཏོད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། འཛད་སྤྱོད་ཆེར་གཏོང་དང་ནུས་ལྡན་སྒོས་མ་རྩ་གཏོང་བ་རྒྱ་བསྐྱེད་དེ། རྒྱལ་ཡོངས་ཀྱི་ཁྲོམ་ར་གཅིག་གྱུར་འཛུགས་སྐྲུན་བྱེད་པར་བཀག་རྒྱ་བཟོ་བ་ཐམས་ཅད་མཐའ་གཅིག་ཏུ་སེལ་བར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུགས་མྱུར་བར་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞིའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་མ་ལག་བཅོས་བསྒྱུར་གྱི་སྣ་འདྲེན་གྱི་ནུས་པ་སྔར་བས་འདོན་པ་དང་། སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་ཡོང་བར་ཁག་ཐེག་བྱེད་དགོས། རིགས་སོ་སོའི་ཚོང་གཉེར་བྱེད་མཁན་རྣམས་ཀྱི་གསོན་ཤུགས་ཡོངས་སུ་བསླངས་ནས། རྒྱུ་རྐྱེན་གཙོ་བོའི་ཚོང་ར་ཅན་བཀོད་སྒྲིག་ལམ་ལུགས་ནང་རྐྱེན་མྱུར་བར་འཐུས་ཚང་དུ་བཏང་སྟེ་སྤྱི་ཁོག་དཔལ་འབྱོར་གྱི་བཅོས་སྐྱོང་ཕན་ནུས་མཐོར་འདེགས་གཏོང་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོས་པ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་བསྐྱེད་དང་། ཕྱོགས་མང་ཉོ་ཚོང་ལམ་ལུགས་སྲུང་སྐྱོང་། རྒྱལ་སྤྱིའི་འཁོར་སྐྱོད་རྒྱ་སྐྱེད་བཅས་བྱས་ཏེ་སྒོ་འབྱེད་ལ་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་གོ་སྐབས་མཉམ་སྤྱོད་བྱེད་པ་དང་མཉམ་དུ་འཕེལ་རྒྱས་གཏོང་དགོས། རང་བདག་སྒོ་འབྱེད་ཧུར་ཐག་གིས་རྒྱ་བསྐྱེད་པ་དང་། ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་དངུལ་གཏོང་མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་པ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་ཇེ་མགྱོགས་སུ་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ལ་གཞི་རྩའི་ཐོག་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་སྐུལ་འདེད་བཏང་ནས་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མྱུར་བར་འཛུགས་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་བ་དང་། འཚོ་སྡོད་དང་ལས་གཉེར་ལ་འཚམ་པའི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ཞིང་ལས་སྟོབས་ལྡན་དུ་གཏོང་བ། ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཀྱི་ཕན་ནུས་ཇེ་མཐོར་གཏོང་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་ས་ཁོངས་དཔལ་འབྱོར་ཁྱབ་ཚུལ་ལེགས་བསྒྱུར་བྱས་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་གཙོ་བོའི་ཁུལ་གྱི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཐབ་ཇུས་གསར་པ་བཅས་ཀྱི་རིམ་བརྩེགས་ཕན་ནུས་འདོན་སྤེལ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་པ་ལེགས་བསྒྱུར་བྱེད་པ་དང་། གཙོ་གནད་ས་ཁོངས་ཀྱི་འཕར་སྣེ་ནུས་པ་འདོན་སྤེལ་བྱས་ཏེ། ལེགས་ཆ་ཕན་ཚུན་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་བཀོད་སྒྲིག་དང་རྒྱལ་ཁོངས་བར་སྟོང་མ་ལག་འཛུགས་དགོས། ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་དང་། ས་ཁོངས་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁོངས་བར་སྟོང་འཕེལ་རྒྱས་གཏོང་སྟངས་ལེགས་བསྒྱུར་བྱེད་པ། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱ་མཚོ་གསར་སྤེལ་བེད་སྤྱོད་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་དང་། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་ཤེས་རིག་གི་རྩ་བར་འབྲེལ་བ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས། བསམ་བློའི་སྣེ་ཁྲིད་ནུས་པ་དང་། བསམ་པའི་གོང་བུ་འགྲིལ་ཤུགས་དང་། རིན་ཐང་གི་སྐུལ་སློང་ནུས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་བཅས་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་སྟེ། རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱས་ནས་རིག་གནས་བྱ་གཞག་དར་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་པོར་གཏོང་བ། ཀྲུང་ཧྭའི་ཤེས་རིག་ཁྱབ་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། སྟོབས་ཤུགས་ཅི་ཡོད་འདོན་པ་དང་རང་གིས་ལྕོགས་ཚོད་ཀྱིས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐིལ་རྟོལ་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། སྤྱི་ཚོགས་འཁོར་སྐྱོད་ཀྱི་བགྲོད་ལམ་གེགས་མེད་ཡོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་ཡག་པོ་ལ་སྐུལ་འདེད་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ཁང་སའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱོན་བྲལ་གྱི་ཀྲུང་གོ་མགྱོགས་པོར་འཛུགས་སྐྲུན་བྱེད་པ། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་འགྱུར་བར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བ་ཇེ་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པ་དང་། རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་ལ་བརྟེན་ནས་ཐཱན་དང་སྦགས་བཙོག་བསྙུངས་པ་དང་། ལྗང་བསྐྱེད་འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། སྦགས་བཙོག་འགོག་བཅོས་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནུས་ཁུངས་གསར་པའི་མ་ལག་མགྱོགས་པོར་འཛུགས་སྐྲུན་བྱེད་པ། ཐཱན་རྩེ་གནོན་ལ་ཧུར་ཐག་དང་བརྟན་བརླིང་ངང་སྐུལ་འདེད་བྱས་ཏེ་ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ངང་ཆགས་སུ་འཇུག་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་དུ་བསྐྱོད་ནས་སྤྱི་ཚོགས་གསོན་ཤུགས་འབར་ལ་གོ་རིམ་ལྡན་པར་ཁག་ཐེག་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས། དམག་དཔུང་བཙུགས་ནས་ལོ་བརྒྱའི་རང་གི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་འཛུགས་པའི་དགོངས་པ་ལག་ལེན་མཐར་ཕྱིན་དང་།དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དམག་ཨུའི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི“གོམ་སྟབས་གསུམ”གྱི་འཐབ་ཇུས་གསར་པ་ལྟར། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པ་དང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བྲཏེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། འཇོན་མི་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། འཐབ་རྩོད་དང་དམག་འཐབ་ལ་གྲ་སྒྲིག འཛུགས་སྐྲུན་བཅས་བྱེད་ཞོར། མགྱོགས་མྱུར་གྱིས་འཕྲུལ་ཆས་ཅན་ཆ་འཕྲིན་ཅན་རིག་ནུས་ཅན་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།འཕེལ་རྒྱས་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ནུས་པ་མཐོར་འདེགས་གཏོང་དགོས། སྔོན་ཐོན་གྱི་འཐབ་འཛིང་ནུས་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། དམག་དོན་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་པ་བཅས་བཏོན།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་བྱས་ཏེ“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་མངོན་འགྱུར་བྱ་ཆེད་འབད་འཐབ་བྱ་དགོས། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེའི་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ངང་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་མགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ།མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བ། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ཁྲིད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་དགོས། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་། སྒྲོག་འགྲེལ། དྲིལ་སྒྲོག་བཅས་བྱེད་པ་རྩ་འཛུགས་ཡག་པོ་བྱས་ཏེ།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཡག་པོ་ལེན་དུ་འཇུག་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དམ་འཛིན་གང་ལེགས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་འཛུགས་པ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པའི་གཅིག་གྱུར་འཆར་འགོད་བྱེད་པ་དང་།དཔལ་འབྱོར་འཛུགས་སྐྲུན་དང་ཁྱབ་ཁོངས་སོ་སོའི་བྱ་བར་གཅིག་གྱུར་འཆར་འགོད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་།ཏང་དར་རྒྱས་བྱུང་ཚེ་གཞི་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ནུས། ཏང་དོ་དམ་དང་ཏང་སྐྱོང་བ་ལ་ཕན་ནུས་ཇི་ལྟར་ལྡན་ན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་སྲུང་ལ་དེ་ལྟར་ནུས་པ་ལྡན། ངེས་པར་དུ་ནམ་ཡང་ལམ་དུ་ཡོད་པའི་བློ་སྤོབས་དང་སེམས་ཤུགས་ལ་བརྟེན་ནས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རྒྱུན་འཁྱོངས་ངང་སྐུལ་འདེད་གཏོང་བ་དང་། ཏང་གི་རང་ངོས་གསར་བརྗེའི་བླང་བྱ་བློ་ཐག་རྦད་ཆོད་ཀྱིས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་སྐུལ་འདེད་གཏོང་བ།བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས།“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་མིག་སྔའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་བློ་ཐག་རྦད་ཆོད་ཀྱིས་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མུ་མཐུད་དུ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ།ལས་ཞུགས་བརྟན་བརླིང་དང་།ཁེ་ལས་བརྟན་བརླིང་།ཁྲོམ་ར་བརྟན་བརླིང་།སྔོན་དཔག་བརྟན་བརླིང་བཅས་ཡོང་བར་བྱེད་པ་དང་། དཔལ་འབྱོར་གྱི་གཞི་རྩའི་གནས་ཚུལ་བརྟན་བརླིང་ཡོང་བར་བྱས་ཏེ། དཔལ་འབྱོར་སླར་གསོ་གཏོང་བའི་འཕེལ་ཕྱོགས་ལེགས་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྤྱི་ཁོག་སྲིད་ཇུས་ལ་རྒྱུན་མཐུད་ངང་ཤུགས་འདོན་པ་དང་དུས་ཐོག་ཏུ་ཤུགས་སྣོན་པ། ཁེ་ལས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་།འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ།གཞི་རིམ་གྱི“འགན་སྲུང་གསུམ”གྱི་མ་མཐའི་ཚད་ཐིག་བརྟན་པོར་བཏང་ནས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཧུར་ཐག་དང་བརྟན་བརླིང་ངང་སེལ་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། དམངས་འཚོའི་འགན་སྲུང་དམ་འཛིན་གང་ལེགས་བྱས་ནས་ཐབས་ལམ་མང་པོ་ནས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། ལས་གནས་བརྟན་པ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་བར་ཤུགས་སྣོན་པ་དང་། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་གླ་ཕོགས་ཆད་པར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གནོད་ཕྱིའི་སླར་གསོ་བསྐྱར་སྐྲུན་དང་།གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་ཁོ་ཚོའི་འཚོ་བའི་འགན་སྲུང་བྱ་བ་དམ་འཛིན་གང་ལེགས་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱིས་དགུན་ཁ་དྲོ་སྐྱིད་ངང་སྐྱེལ་ཐུབ་པར་འགན་སྲུང་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཐོན་སྐྱེད་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་བྱ་བ་ཡག་པོར་བསྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འགན་འཁྲི་ནན་དཀྲི་བྱེད་པ། ལྟ་སྐུལ་དོ་དམ་ལམ་ལུགས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་དོན་རྐྱེན་ཚབས་ཆེན་འབྱུང་བ་སྔོན་འགོག་དང་ཚོད་འཛིན་བྱེད་དགོས། བཟའ་བཏུང་དང་སྨན་རྫས་བདེ་འཇགས་ཀྱི་འབྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། འགལ་བ་དང་རྩོད་གཞི་ལ་ཞིབ་བཤེར་གཏིང་ཟབ་བྱས་ནས་ཐག་གཅོད་པ་དང་།སྤྱི་ཚོགས་བདེ་སྐྱོང་ལ་ཡོངས་ཁྱབ་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་སྤྱོད་ཚུལ་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ནས། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་དང་སེལ་ཐབས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲང་ཧྲེང་རྨིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་ཁ་སྣོན་བྱ་རྒྱུའི་གྲོས་ཐག་བཅད།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཡུས་ཧུའེ་ཝུན་དང་། མ་ཧན་ཁྲེང་། ཝང་ཅན། ཝང་ཞི། ཝང་ཡུང་ཧུང་། ཝང་ཐིང་ཁའེ། ཝང་ཞིན་ཝེ། ཝེ་ཐའོ། ཏེང་དབྱི་ཝུའུ། ཏེང་ཞིའུ་མིང་། ལུའུ་ཧུང་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་ཁ་གསབ་བྱེད་རྒྱུར་གྲོས་ཐག་བཅད།
ཚང་འཛོམས་གྲོས་ཚོགས་ལས། ཐང་རེན་ཅན་དང་ཅིན་ཞང་ཅན། ལི་ཧྲི་སུང་། དབྱང་ཧྥ་སེན། ཀྲུའུ་ཀྲི་སུང་བཅས་ཀྱི་ཚབས་ཆེ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཧི་ཝེ་ཏུང་དང་མིའོ་ཧྭ། ཧི་ཧུང་ཅན། ཝང་ཞིའུ་པིན། ལིན་ཞང་དབྱང་། ཆིན་ཧྲུའུ་ཐུང་། ཡོན་ཧྭ་ཀྲི། ཝང་ཁྲུན་ཉིང་། ཀྲང་ཧྥེང་ཀྲུང་བཅས་ཀྱི་ཚབས་ཆེ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དེ་སྔོན་ཧི་ཝེ་ཏུང་དང་མིའོ་ཧྭ། ཐང་རེན་ཅན། ཅིན་ཞང་ཅན། ཧི་ཧུང་ཅན། ཝང་ཞིའུ་པིན། ལིན་ཞང་དབྱང་། ཆིན་ཧྲུའུ་ཐུང་། ཡོན་ཧྭ་ཀྲི། ཝང་ཁྲུན་ཉིང་། ལི་ཧྲི་སུང་། དབྱང་ཧྥ་སེན། ཀྲུའུ་ཀྲི་སུང་། ཀྲང་ཧྥེང་ཀྲུང་བཅས་ལ་ཏང་ཁོངས་ནས་ཕྱིར་ཕུད་གཏོང་རྒྱུའི་ཆད་པ་བཅད་པ་དེ་གཏན་འཁེལ་བྱས།
ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་ཡོངས་དང་དམག་དཔུང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱ་ཆེད་མཉམ་དུ་འབད་བརྩོན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་འབོད་སྐུལ་བཏང་། །