མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
发布时间:2025年10月27日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ10བའི་ཚེས24ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་ནས། ཆེད་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་ལེན་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་བལྟས་ན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་འབད་པའི་འཐབ་ལམ་གསར་པའི་སྟེང་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སའི་མི་དམངས་ཀྱིས་འཛད་མེད་སྟོབས་ཤུགས་སྔར་ལས་གཅིག་སྡུད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་སྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་ལ་འགན་འཁྲི་ཁག་ཁུར་གྱི་འདུ་ཤེས་དྲག་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་ལ། སྔ་འཛིན་ཕྱི་གཏོད་ཀྱི་གོ་གནས་གལ་ཆེན་ལྡན། ཚང་འཛོམས་གྲོས་ཚོགས་ནས་གྲོས་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་གནས་དམ་འཛིན་ཡང་དག་བྱས་ཏེ། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་སྟེང་རིམ་ཇུས་འགོད་དང་འཐབ་ཇུས་རི་མོ་བཀོད་པ་དེ་ནི། བབ་བསྟུན་རྒྱུན་མཐུད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐུལ་སློང་བཀོད་སྒྲིག་ཅིག་རེད། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་དགོངས་པ་དང་གཞི་རྩའི་རྩ་དོན། དམིགས་འབེན་གཙོ་བོ་བཅས་ཚད་གཞིར་བཟུང་ནས། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ལས་འགན་གལ་ཆེན་དང་བྱེད་ཐབས་གཙོ་བོ། བླང་བྱ་གལ་ཆེན་བཅས་ལག་བསྟར་ཞིབ་མོ་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་མཐོང་རྒྱ་སྔར་ལས་ཡངས་པ། བྱེད་ཐབས་སྔར་ལས་ནུས་ལྡན་བཅས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ནས། རྒྱལ་ཡོངས་དང་མཉམ་དུ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་གཙོ་བོར་དམིགས་ཏེ། འཐབ་ཇུས་འདུ་ཤེས་དང་མ་ལག་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་པར་ཁ་ཕྱོགས་ནས། བྱེད་ཐབས་ཡོད་ཅིང་ཚོད་འཛིན་ཀྱང་ཡོད་པ་རྒྱུན་འཁྱོངས་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། ཁྱོན་ཡོངས་རང་བཞིན་དང་གཞི་རྩའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཕེལ་རྒྱས་ཇུས་གཞི་འགོད་དགོས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་བྱེད་པ། ཚན་རྩལ་གསར་གཏོད་ནུས་སྩོལ་ལ་ཤུགས་སྣོན་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་སྐྱེད་མ་ལག་གསར་སྐྲུན་བྱེད་པ་དང་།  ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྲུང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པར་བྱས་ནས་ཞབས་འདེགས་ཞུ་དགོས་ལ། རྒྱུན་ཆད་མེད་པར་ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དངོས་འབེབས་བྱེད་པ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་དགོས་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནུས་པ་འདོན་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་གྲོས་གཞི་དང་པོའི་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་བྱེད་པ་དང་ཆེད་དོན་བགྲོ་གླེང་དང་དྲིལ་སྒྲོག་སྒྲོག་འགྲེལ། སྲིད་ཇུས་འགྲེལ་ཀློག་སོགས་རྩ་འཛུགས་བྱས་ཏེ། རྣམ་པ་མི་འདྲ་བའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁྱིམ་ཚང་སོ་སོ་དང་ལས་རིགས་སོ་སོར་བརྒྱུད་སྒྲོག་བྱེད་དགོས་ལ། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལ་ཤུགས་སྣོན་པ་དང་། ཤུགས་ཆེན་པོས་དམངས་འཚོའི་འགན་སྲུང་དང་བུ་ལོན་སེལ་བ། ཁེ་ལས་རོགས་སྐྱོར། བདེ་འཇགས་ཐོན་སྐྱེད། གཏན་འཇགས་སྲུང་སྐྱོང་སོགས་བྱ་བ་སྣ་ཚོགས་དམ་འཛིན་བྱས་ནས། ཤུགས་ཆེན་པོས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མཇུག་ལེགས་པོར་བསྡུ་དགོས་པ་དང་། ལྟ་རྟོག་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་བསྣན་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་དེ་ཆེད་འགན་ལྟ་རྟོག་དང་ཞིབ་བཤེར་བྱེད་པའི་ནང་དོན་གཙོ་བོར་བཞག་སྟེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ལེགས་པོ་རྩོམ་པར་འགན་སྲུང་ཆེན་པོ་བྱེད་དགོས་པའི་རེ་བ་བཏོན། །