བསོད་ནམས་སྒྲོལ་མས་རྒྱལ་ཡོངས་ཀྱི་སྦེ་གའི་རྟིང་རྩོད་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བླངས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལྗིད་འདེགས་སྦེ་ག་མཉེན་རྩལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི2025ལོའི་རྒྱལ་ཡོངས་ཀྱི་ཀྲུང་གོའི་རྣམ་པའི་སྦེ་གའི་རྟིང་རྩོད་འགྲན་སྡུར་དེ་ཧྥུ་ཅན་ནན་ཕིང་དུ་མཇུག་བསྒྲིལ་བ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་པ་བསོད་ནམས་སྒྲོལ་མས་སྐྱེས་མའི་སྤྱི་རྒྱ82རིམ་པའི་གསེར་གྱི་རྟགས་མ་བླངས།

བསོད་ནམས་སྒྲོལ་མ་ནི་ད་ལོ་ལོ23ཡིན་པ་དང་། ཕ་ཡུལ་ཅོ་ནེ་རྫོང་ཁྱ་དགེ་ཡུལ་ཚོ་ནས་ཡིན། ཆུང་བྱིས་པའི་དུས་ནས་ལུས་རྩལ་སྦྱོང་བརྡར་ཐད་ཕུལ་དུ་བྱུང་བའི་ལྷན་སྐྱེས་ཀྱི་ཤེས་རབ་མངོན་ཡོད་པས། 2016ལོར་ལོ་བཅུ་བཞིར་སླེབས་པའི་མོ་རང་ལུས་རྩལ་སློབ་གྲྭའི་ནང་ཞུགས་ནས་ཆེད་ལས་ཀྱི་ཤེས་བྱ་སྦྱོང་མགོ་བརྩམས། དང་ཐོག་ཆེད་སྦྱོང་བྱ་རྒྱུ་དེ་མཉེན་རྩལ་ཡིན་ཡང་། 2023ལོར་དངོས་སུ་ཀྲུང་གོའི་ལུགས་ཀྱི་སྦེ་ག་སྦྱོང་མགོ་ཚུགས།

བསོད་ནམས་སྒྲོལ་མར་སྔ་རྗེས་སུ། 2023ལོར་ཀྲུང་གོའི་ལུགས་ཀྱི་སྦེ་གའི་རྒྱལ་ཡོངས་ཀྱི་ལེགས་སྐྱེས་འགྲན་སྡུར་ཁྲོད་བུད་མེད་ཀྱི་སྤྱི་རྒྱ65རིམ་པའི་ཨང་ལྔ་པ་དང་། 2024ལོར་ཀྲུང་གོའི་ལུགས་ཀྱི་སྦེ་གའི་རྒྱལ་ཡོངས་ཀྱི་ལེགས་སྐྱེས་འགྲན་སྡུར་ཁྲོད་བུད་མེད་ཀྱི་སྤྱི་རྒྱ65རིམ་པའི་ཨང་གསུམ་པ།2025ལོར་ཀྲུང་གོའི་ལུགས་ཀྱི་སྦེ་གའི་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་བུད་མེད་ཀྱི་སྤྱི་རྒྱ82རིམ་པའི་ཨང་དང་པོ་བཅས་ཀྱི་གཟེངས་རྟགས་བླངས།

ཐེངས་འདིའི་འགྲན་སྡུར་ནི2025ལོའི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལྗིད་འདེགས་སྦེ་ག་མཉེན་རྩལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་ཀྲུང་གོའི་ལུགས་ཀྱི་སྦེ་གའི་འགྲན་སྡུར་གྱི་མཇུག་བསྡུའི་འགྲན་སྡུར་ཡིན་པས། རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་མང་པོ་ཞིག་དང་། དེ་བཞིན་ལས་རིགས་ལུས་རྩལ་མཐུན་ཚོགས་ཁག་གི་འཐུས་ཚབ་རུ་ཁག24ཡི་ལུས་རྩལ་པ300ལྷག་འགྲན་སྡུར་ནང་ཞུགས་ཤིང་། དུས་ཡུན་ཉིན3རིང་ཚན་པ6གི་འགྲན་སྡུར་སྤེལ་ཏེ། སྲོལ་རྒྱུན་ཉམས་འགྱུར་དང་རྩལ་འགྲན་ངར་སེམས་གཉིས་ཀ་ལྡན་པའི་སྦེ་གའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

རྒྱལ་ནང་གི་ཀྲུང་གོའི་ལུགས་ཀྱི་སྦེ་གའི་རྣམ་གྲངས་ཀྱི་རིམ་པ་མཐོ་ཤོས་ཀྱི་འགྲན་སྡུར་གྲས་ཤིག་ཡིན་པའི་ཆ་ནས། ཐེངས་འདིའི་རྟིང་རྩོད་འགྲན་སྡུར་དེ་འགྲན་སྡུར་ལས་དོན་སྒྲིག་འཛུགས་དང་ལག་རྩལ་འགན་ལེན་ཐད་ཕྱོགས་ཡོངས་ནས་རིམ་སྤར་བྱུང་ཡོད། བདམས་ཐོན་བྱུང་བའི་འགྲན་ཞུགས་པའི་ཁྲོད་དུ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐེངས་མང་ཐོབ་མཁན་གྱི་ལུས་རྩལ་པ་རྙིང་པ་ཡོད་ལ། ཐོག་མར་འཇོན་ཐང་མངོན་པའི་གཞོན་སྐྱེས་ལུས་རྩལ་པ་གསར་པ་ཡང་ཡོད་ཅིང་། ལོ18ནས་ལོ40བར་གྱི་ལོ་ཚོད་ཁྱད་པར་ཡོད་པས། ཀྲུང་གོའི་ལུགས་ཀྱི་སྦེ་གའི་རྣམ་གྲངས་ཀྱི་ཤེས་ལྡན་མི་སྣའི་སྐས་རིམ་འཛུགས་སྐྱོང་གི་གྲུབ་འབྲས་གང་ལེགས་མངོན་ཡོད།
