ཞི་ཅིན་ཕིང་དང་ཧྥིན་ལན་གྱི་སྲིད་འཛིན་སི་ཐུའུ་པུའུ་གཉིས་ཀྱིས་ཀྲུང་གོ་དང་ཧྥིན་ལན་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།
发布时间:2025年10月30日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ10བའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥིན་ལན་གྱི་སྲིད་འཛིན་སི་ཐུའུ་པུའུ་གཉིས་ཀས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཧྥིན་ལན་ནི་མཛེས་སྡུག་གི“མཚེའུ་སྟོང་གི་རྒྱལ་ཁབ”ཡིན་ལ། ཀྲུང་གོ་དང་སྲིད་གཞུང་བར་གྱི་ཉོ་འཚོང་ཆོད་དོན་བཞག་པའི་ཡོ་རོབ་གླིང་རྒྱལ་ཁབ་ཁག་དང་པོའི་གྲས་ཤིག་ཀྱང་ཡིན།  ཀྲུང་གོ་དང་ཧྥིན་ལན་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྤྱི་ཚོགས་ཀྱི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ལས་བརྒལ་ཞིང་།  རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་གནས་ཚུལ་གྱི་ཉམས་སད་མང་པོ་བརྒྱུད་ནས། ཆབ་སྲིད་དང་། དཔལ་འབྱོར་ཉོ་འཚོང་།  མི་ཆོས་སོགས་ཀྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ན་ནིང་ཟླ10པར། སྲིད་འཛིན་སི་ཐུའུ་པུའུ་ཡིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ནས། ང་ཚོས་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་ཀྱི་མ་འོངས་བའི་མཉམ་ལས་གྲོགས་པོའི་འབྲེལ་བ་གསར་པ་འཕེལ་རྒྱས་གཏོང་བར་མཉམ་དུ་འཆར་འགོད་གནང་། ངས་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པར་མ་ཟད། སྲིད་འཛིན་སི་ཐུའུ་པུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཀྲུང་གོ་དང་ཧྥིན་ལན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྣམ་པ་གསར་པ་གཏོད་རྒྱུར་ཁྲིད་སྟོན་བྱས་ཏེ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད།

སི་ཐུའུ་པུའུ་ཡིས་བསྟན་དོན། ཧྥིན་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཟབ་ཅིང་རྨང་གཞི་བརྟན།  འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཡོད། ན་ནིང་གི་ཟླ10པར་ངས་ཐོག་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱིས《ཧྥིན་ལན་དང་ཀྲུང་གོའི་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་གྲོགས་པོ་འབྲེལ་བ་གསར་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཉམ་འབྲེལ་བྱ་བའི་འཆར་གཞི(2025-2029)》བཏོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་མཁན་རྒྱལ་ཁབ་ཡིན་པའི་ཕན་ནུས་ལ་ཡིད་ཆེས་བརྟན་པོ་བྱས་ཡོད།  ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཕྱོགས་གཉིས་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་གཞིའི་ཐད་ནས་མུ་མཐུད་དུ་གླེང་མོལ་བྱེད་པར་རེ་སྒུག་བྱས་ཡོད། །