ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་པེ་ཅིན་དུ་འཚོགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་ཟླ10པའི་ཚེས28ཉིན་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་པ་བདེ་བླག་ངང་མཇུག་བསྡུ་བ་དང་ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཡག་པོ་རྩོམ་པར་སྤྱོད་ཚུལ་ཕྱོགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། མིག་སྔའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་སྤེལ་བ་དང་། མུ་མཐུད་དུ་དམ་འཛིན་དངོས་འཛིན་བྱས་ཏེ་ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་དགོས། འཕྲལ་ཕན་འཕྲལ་གཉེར་དང་རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་པའི་གནད་དོན་ཡོ་བཅོས་བྱེད་པ་དང་། མུན་འཐོམས་ཧོལ་རྒྱུག་དང་འགན་འཁྲི་རིམ་སྣོན་བྱེད་པ་སོགས་སྔོན་འགོག་བྱེད་དགོས། བསྡོམས་རྩིས་རྫུན་བཟོའི་གནད་དོན་ཡོ་བཅོས་བྱས་ནས་གཏིང་རིམ་གྱི་རྒྱུ་རྐྱེན་འཚོལ་ཞིབ་བྱས་ཏེ་ལམ་ལུགས་ལག་བསྟར་གྱི་མཁྲེགས་གཤིས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སྒྲིག་འགལ་དང་ངོ་བོ་འགྱུར་བའི་དཔྱད་བསྡུར་གཟེངས་བསྟོད་དང་གསར་འཛུགས་དཔེ་སྟོན་བྱེད་སྒོ་སྤེལ་བར་ཡོ་བཅོས་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་དང་། ཁེ་ལས། ལས་དོན་ལས་ཁུངས་ཀྱིས་ས་གནས་ལ་དམིགས་ནས་སྤེལ་བའི་དཔྱད་བསྡུར་གཟེངས་བསྟོད་བྱེད་སྒོ་གཙང་བཤེར་དང་ཚད་ལྡན་ཅན་དུ་གཏོང་དགོས། གཞི་རིམ་གྱི་མངོན་མེད་ཁུར་པོ་སོགས་ཀྱི་གནད་དོན་ཡོ་བཅོས་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་བཅས་ཀྱི་འགན་སྒྲུབ་དོན་ཚན་གསལ་ཐོ་ལེགས་པར་སྤྱད་དེ། རེའུ་མིག་གཅིག་གིས་གོ་ཆོད་པར་སྤྱོད་དགོས། ཚོགས་འདུ་དང་ཡིག་ཆ་མང་དྲགས་པ་དང་། སྤུས་ཀ་དང་ཕན་ནུས་ཆེན་པོ་མེད་པའི་གནད་དོན་ཡོ་བཅོས་བྱས་ཏེ། བསྡུས་དངོས་གསར་གསུམ་གྱི་རྩོམ་སྲོལ་དར་སྤེལ་གཏོང་དགོས། ལྟ་བཤེར་ཞིབ་བཤེར་དང་དཔྱད་ཞིབ། རྟོག་ཞིབ། འཕྲེད་ཕྱོགས་བརྗེ་རེས་བཅས་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཡོ་བཅོས་བྱས་ཏེ། གཅིག་གྱུར་འཆར་འགོད་དང་ཚད་ལྡན་དུ་གཏོང་ཤུགས་ཆེ་རུ་གཏོང་དགོས། རྒྱུན་དུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གནད་དོན་བཅོས་སྐྱོང་གི་ཕན་འབྲས་དངོས་ལ་སྔར་ལས་མཐོང་ཆེན་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། 《ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ》ནི་རྣོ་ལྕགས་ལྟ་བུའི་སྒྲིག་སྲོལ་དང་རྩ་དོན་ཡིན་པས་རྒྱུན་འཁྱོངས་ལྷོད་མེད་སྒོས་ལག་བསྟར་ནན་མོ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལེགས་པར་འདོན་པ་དང་། རིམ་པ་སོ་སོའི་ཏང་ཨུས་གཙོ་གཞིའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ། ཆེད་དོན་བྱ་བའི་ལམ་སྲོལ་གྱི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ནུས་པ་འདོན་པ་དང་། སྲིད་ཇུས་ཞིབ་འཇུག་དང་དཔྱད་འཇོག་ལ་ཤུགས་བསྣན་ནས་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས། །