ཞི་ཅིན་ཕིང་ལྷོ་ཁོ་རེ་ཡར་འབྱོར་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་པར་མ་ཟད་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་མཛད།
发布时间:2025年11月03日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


ས་དེའི་དུས་ཚོད་ཟླ10བའི་ཚེས30ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ལྷོ་ཁོ་རེ་ཡར་འབྱོར། ལྷོ་ཁོ་རེ་ཡའི་སྲིད་འཛིན་ལི་ཙའེ་མིང་གི་གདན་ཞུས་ལྟར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་པར་མ་ཟད་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་མཛད།



ཞི་ཅིན་ཕིང་ཧྥུའུ་ཧྲན་ཅིན་ཧའེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་དུས། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཀྲང་ཀྲའོ་ཞན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བས་བསུ་མ་ཞུས། གུས་དམག་ས་གདན་དམར་པོའི་གཞོགས་གཉིས་སུ་ལངས་ནས་གུས་འདུད་ཞུས་པ་དང་། དམག་མིའི་རོལ་ཆའི་རུ་ཁག་གིས་རོལ་མོ་དཀྲོལ་བ་དང་། གནམ་གྲུ་ཐང་དུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ།

ཚའེ་ཆི་དང་། ཝང་དབྱི། ཧི་ལིས་ཧྥིན་སོགས་ཕེབས་རོགས་མི་སྣ་དུས་གཅིག་ཏུ་གནམ་གྲུ་ཐང་ལ་འབྱོར།

སྔོན་ལ་འབྱོར་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ལྷོ་ཁོ་རེ་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཏའེ་པིན་ཀྱང་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས། 

ཀྲུང་གོའི་ཕྱི་འགྲིམ་སློབ་མ་དང་ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།  །