རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《དམངས་ཁྲོད་དངུལ་གཏོང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་ཐབས་སྐོར་ཞིག》ཅེས་པ་བཀྲམས།
发布时间:2025年11月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《དམངས་ཁྲོད་དངུལ་གཏོང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་ཐབས་སྐོར་ཞིག》ཅེས་པ་བཀྲམས་ཤིང་། དམིགས་གཏད་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་ཁག13བཏོན་ཡོད།

ཞུགས་འཐུས་རྒྱ་བསྐྱེད་གཏོང་བའི་ཐད། རྒྱལ་ཁབ་ལ་ཞིབ་མཆན་འབུལ་དགོས་པའི་རིགས་ཀྱི་ཁེ་བཟང་ངེས་ཅན་ལྡན་པའི་ལྕགས་ལམ་དང་ཉིང་རྡུལ་གློག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་ལ་དམངས་ཁྲོད་ཀྱི་མ་རྩ་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པར་མ་ཟད་མ་རྐང་འཛིན་ཚད་ཁ་གསལ་བཟོ་བ་སོགས་ཀྱི་བླང་བྱ་བཏོན། ས་གནས་སོ་སོའི་གཞི་ཁྱོན་ཅུང་ཆུང་ཞིང་ཁེ་སྤོགས་ཐོབ་ཐུབ་པའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་གསར་སྐྲུན་ལས་གཞི་ལ་དམངས་ཁྲོད་ཀྱི་མ་རྩ་འཛུགས་སྐྲུན་གཉེར་སྐྱོང་ནང་ཞུགས་རྒྱུར་སྐུལ་ལྕགས་གཏོང་དགོས་པ་དང་། དམངས་ཁྲོད་ཀྱི་མ་རྩ་གོ་རིམ་ལྡན་པའི་ངང་དམའ་དབྱིངས་དཔལ་འབྱོར་དང་ཚོང་ལས་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ནུས་པ་ཡོད་པའི་དམངས་གཉེར་ཁེ་ལས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ལག་རྩལ་འགག་སྒྲོལ་གྱི་ལས་འགན་གལ་ཆེན་འཁུར་རྒྱུར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་དགོས། ལུགས་མཐུན་མིན་པའི་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོའི་ཆོག་འཐུས་ཚོད་འཛིན་གཙང་བཤེར་བྱེད་དགོས་པ་དང་།  སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་ལམ་སྲོལ་གསར་པ་ཚད་ལྡན་དང་ལག་བསྟར་བྱེད་པ།  དམངས་གཉེར་ཁེ་ལས་ནང་དུ་ཞུགས་པར་རིགས་དབྱེ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་རྣམ་གྲངས་ཀྱི་གསལ་ཐོ་བཟོ་བཅོས་རྒྱག་དགོས། སུས་འཇོན་དེ་འགུགས་ཁྱབ་ཁོངས་སུ་དམངས་གཉེར་ཁེ་ལས་ལ་ལོགས་སུ་ལུགས་མཐུན་མིན་བླང་བྱ་བཏོན་པ་མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ་དང་། སྲིད་གཞུང་གི་ཉོ་སྒྲུབ་ཀྱིས་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། 

འགག་གནད་སྒྲོལ་བའི་ཐད་དམངས་གཉེར་ཁེ་ལས་ཀྱི་གློག་ཤུགས་དྲ་སྦྲེལ་འཁོར་སྐྱོད་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ལས་རིགས་ཀྱི་སྐུལ་ཁྲིད་ནུས་པ་ཅུང་ཆེ་ཙམ་ལྡན་པའི་འབྲིང་རིམ་ཚོད་ལྟའི་ལས་སྟེགས་གལ་ཆེན་ཁག་ཅིག་འཛུགས་སྐྲུན་གང་མགྱོགས་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། རྒྱལ་དབང་ཁེ་ལས་དང་། མཐོ་རིམ་སློབ་གླིང་། ཚན་རིག་ཞིབ་འཇུག་ཁང་བཅས་ཀྱིས་དམངས་གཉེར་ཁེ་ལས་ལ་ཁ་ཕྱོགས་ནས་ཚོང་ར་ཅན་དུ་འགྱུར་བའི་ཚོད་ལྟའི་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། དམངས་གཉེར་སྣེ་འདྲེན་ཁེ་ལས་དང་། སྦྲེལ་ཐག་ཁེ་ལས། ཕྱོགས་གསུམ་པའི་ཞབས་ཞུ་ཚོང་པ་བཅས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་གྲངས་འཛིན་ནུས་འདོན་སྟེགས་བུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས།  དམངས་གཉེར་ཁེ་ལས་ཆུང་འབྲིང་སྔར་ལས་མང་པོ་ཞིག་གྲངས་འཛིན་ཅན་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་དགོས། 

འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་སོགས་ཆ་རྐྱེན་འཛོམས་པའི་དམངས་ཁྲོད་དངུལ་གཏོང་ལས་གཞི་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།  དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དམངས་གཉེར་ཁེ་ལས་ཀྱི་ལུགས་མཐུན་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་བསྐོང་དགོས།  འགག་རྩའི་ལྟེ་བའི་ལག་རྩལ་དང་ཚན་རྩལ་ཅན་གྱི་ཁེ་ལས་ཚོང་རར་ཞུགས་ནས་མ་དངུལ་བསྡུ་རུབ་དང་ཟླ་སྒྲིལ་བསྐྱར་སྒྲིག་གི“ལྗང་མདོག་བགྲོད་ལམ”གྱི་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་ཡག་པོ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་དམངས་ཁྲོད་ཀྱི་དངུལ་གཏོང་ལས་གཞི་སྔར་ལས་མང་བར་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་ཡིད་རྟོན་མངག་བཅོལ་ཐེབས་རྩ་འགྲེམ་སྤེལ་བྱེད་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་དགོས། །