ལི་ཆང་གིས་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་ཐུག་འཕྲད་གནང་བ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ11པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་ཐུག་འཕྲད་གནང་།
ཟླ11པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐང་ཀ་ནི་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། ཐུན་མོང་གི་འབད་བརྩོན་འོག ཀྲུང་ཐང་འབྲེལ་བ་འཕེལ་རྒྱས་ལ་རྣམ་པ་ལེགས་པོ་མངོན་ཡོད། ཁ་སང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་དང་ཐུག་འཕྲད་གྲོས་མོལ་གནས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་མཛུབ་སྟོན་གསར་པ་གནང་། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཐང་ཀའི་འབྲེལ་བ་སྔར་ལས་ཇེ་ཟབ་དང་དོན་དངོས་སུ་འགྱུར་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་ཁེ་བསྐྲུན་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོས་མུ་མཐུད་དུ"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་གྱི་གྲོས་གཞི་དེ་ཐང་ཀ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་གཞི་ལ་གན་རྒྱ་འཇོག་པ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གི་གཞི་ཁྱོན་རྒྱ་བསྐྱེད་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་འཆར་འགོད་དང་ལག་བསྟར་གང་ལེགས་བྱས་ནས། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་འདོད་ཡོད། ཀྲུང་གོས་ཐང་ཀའི་སྤུགས་ལེགས་ཞིང་ཉའི་ཐོན་རྫས་མང་པོ་ནང་འདྲེན་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཐང་ཀར་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་ལྕག་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་འཕྲོད་བསྟེན། ལུས་རྩལ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། སྔར་ལས་མང་བའི་དམངས་ཕན་བྱེད་ཐབས་མང་པོ་བཏོན་ནས། རྒྱལ་བ་གཉིས་ཀྱི་མི་དམངས་ཀྱི་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁ་གཏད་འཇལ་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་འཛམ་གླིང་གི་གྲོས་གཞི་ཆེན་པོ་བཞི་དོན་འཁྱོལ་བྱེད་པ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་གི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ཐུའུ་ཕུའུ་སྐུ་ཕྲེང་དྲུག་པས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་བཅོས་སྐྱོང་གི་གྲོས་གཞི་ཆེན་པོ་བཞི་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །