网站无障碍
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ།
2026ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་།《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མགོ་ཁྲིད་བྱེད་པའི་བྱ་བའི་སྲོལ་ཡིག》ལ་གྲོས་ཞིབ་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
发布时间:2025年12月11日 消息来源:

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ།
2026ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་།ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མགོ་ཁྲིད་བྱེད་པའི་བྱ་བའི་སྲོལ་ཡིགལ་གྲོས་ཞིབ་བྱས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ12པའི་ཚེས8ཉིན་གྲོས་ཚོགས་བསྡུས་ནས། 2026ལོའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མགོ་ཁྲིད་བྱེད་པའི་བྱ་བའི་སྲོལ་ཡིགལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ཀྱིས་བལྟས་ན། ད་ལོ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ་དཀའ་བ་གདོང་གིས་བསུས་པ་དང་འབད་འཐབ་ལྷུར་ལེན་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བདེ་བླག་ངང་མངོན་འགྱུར་བྱུང་། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་བརླིང་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་བརླིང་ངང་འཕེལ་རྒྱས་བྱུང་བར་མ་ཟད། བཅོས་བསྒྱུར་སྒོ་འབྱེད་ཐད་གོམ་པ་གསར་པ་སྤོས་པ་དང་། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་སེལ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད་ལ། དམངས་འཚོ་འགན་ལེན་སྔར་ལས་ནུས་ལྡན་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་སྲུང་འཛིན་བྱས།  འདས་པའི་ལོ་ལྔའི་རིང་ལ། ང་ཚོས་འགྲན་རྩོད་སྣ་ཚོགས་ལ་ནུས་ལྡན་སྒོས་ཁ་གཏད་འཇལ་ནས་རང་རྒྱལ་གྱི་དཔལ་འབྱོར་དང་ཚན་རྩལ། རྒྱལ་སྲུང་སོགས་ཕྱིའི་སྟོབས་ཤུགས་དང་། རིག་གནས་དང་ལམ་ལུགས། ཕྱི་འབྲེལ་སོགས་ནང་གི་སྟོབས་ཤུགས་མངོན་གསལ་སྒོས་མཐོར་འདེགས་བྱུང་ལ། “ལྔ་བཅུ་བཞི”ཕུན་སུམ་ཚོགས་པའི་ངང་མཇུག་བསྡུ་ལ་ཉེ་བ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པར་མགོ་ཡག་པོ་ཚུགས་ཡོད།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་ཐོག་ཡར་བརྩོན་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ནང་གི་དཔལ་འབྱོར་བྱ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་འགྲན་རྩོད་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ནས། སྲིད་ཇུས་ཀྱི་སྔོན་མཐོང་རང་བཞིན་དང་དམིགས་གཏད་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བ། མུ་མཐུད་དུ་ནང་མཁོ་རྒྱ་སྐྱེད་པ་དང་མཁོ་སྤྲོད་ལེགས་སྒྱུར་བྱེད་པ། འཕར་ཚད་ལེགས་འགྱུར་དང་བསགས་འབོར་འཁོར་རྒྱུག་ཐུབ་པར་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱུན་ཆད་མེད་པར་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་བསྣན་ནས་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བཅས་བྱས་ནས“ལྔ་བཅོ་ལྔ”ཡི་མགོ་ཡག་པོ་ཞིག་རྩོམ་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བས་བརྟན་ཐོག་ཡར་བརྩོན་དང་། སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་གློད་གཏོང་གི་དངུལ་ལོར་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་བྱེད་དགོས་ལ། གསོག་གྲངས་སྲིད་ཇུས་དང་འཕར་གྲངས་སྲིད་ཇུས་ཀྱི་ཕྱོགས་བསྡུས་ཕན་ནུས་འདོན་སྤེལ་བྱེད་དགོས་པར་མ་ཟད། ལྡོག་པའི་འཁོར་ཡུན་དང་འཁོར་ཡུན་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། དངོས་གནས་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཇེ་མཐོར་གཏོང་དགོས། ནང་མཁོའི་གཙོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་པ་དང་། གསར་སྐྲུན་ལ་བརྟེན་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་དམ་འཛིན་བྱེད་དགོས། བཅོས་བསྒྱུར་འགག་སྒྲོལ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་མང་པོའི་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་། ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་པ་དང་། “ཐཱན་གཉིས”ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ལྗང་མདོག་རིགས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། དམངས་འཚོ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས།ཧུར་ཐག་གིས་མི་དམངས་མང་ཚོགས་ལ་དོན་དངོས་མང་པོ་སྒྲུབ་དགོས་ཤིང། ཚད་མཐའ་བརྟན་པོར་བསྲུང་བ་རྒྱུན་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ལེགས་པོོར་སེལ་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་། ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་དུ་བསྟར་དགོས་ལ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་བྱ་བ་ལེགས་པོར་བསྒྲུབས་ནས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་དགོས། རྒྱལ་ཁབ་དང་ས་གནས་ཀྱི“ལྔ་བཅོ་ལྔ”ཡི་འཆར་འགོད་དང་ཆེད་དམིགས་འཆར་འགོད་སྒྲིག་བཟོ་གཏན་འབེབས་ཡག་པོ་བྱེད་དགོས། ལོ་མཇུག་དང་ལོ་མགོའི་དམངས་འཚོའི་ཚོང་རྫས་གལ་ཆེན་གྱི་མཁོ་སྤྲོད་འགན་ལེན་བྱ་བ་ཡག་པོར་སྒྲུབ་པ་དང་། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར་བྱས་ནས།ཁེ་ལས་ཀྱི་རྩིས་ཐོ་དང་ཞིང་པ་ལས་བཟོ་པའི་གླ་ཕོགས་ཆད་འགྱངས་བྱས་པའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། དམངས་འཚོའི་ཚད་མཐའ་བརྟན་པོར་བསྲུང་དགོས། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་བསམ་པ་བཅངས་ནས་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་འབྱུང་བ་སྔོན་འགོག་དང་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན།ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མགོ་ཁྲིད་བྱེད་པའི་བྱ་བའི་སྲོལ་ཡིགགཏན་འབེབས་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མགོ་ཁྲིད་བྱེད་པའི་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ་དང་། སྔར་ལས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། སྔར་ལས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། ཏང་གིས་ཁྲིམས་འཛུགས་ལ་མགོ་ཁྲིད་དང་ཁྲིམས་བསྟར་ལ་ཁག་ཐེག ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་དེ་ཁྲིམས་སྲུང་བཅས་བྱེད་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་སྐྱོང་བའི་ཆུ་ཚད་མཐོ་རུ་འདེགས་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཁྲིམས་སྐྱོང་གི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གོང་དུ་བཀུར་བ་དང་བཅའ་ཁྲིམས་ལ་གུས་སྐྲག་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་སྐུལ་མ་གཏོང་བ་དང་།  ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་ཁྲིམས་བསྟར་གཟབ་ནན། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཁྲིམས་སྲུང་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱེད་དགོས།  །