ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་འཛིན་ཆེ་འབྲིང་གི་གོ་རྟགས་སྤོར་བའི་མཛད་སྒོ་བསྡུས་པ་དང་།
ཞི་ཅིན་ཕིང་གིས་བཀའ་རྒྱའི་འཛིན་ཡིག་གནང་བ་མ་ཟད་གོ་རྟགས་སྤར་བའི་དམག་དཔོན་ལ་རྟེན་འབྲེལ་ཞུས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་འཛིན་ཆེ་འབྲིང་གི་གོ་རྟགས་སྤོར་བའི་མཛད་སྒོ་ཚེས22ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་རྟགས་སྤར་བའི་མཛད་སྒོར་ཞུགས།
སྔ་དྲོའི་ཆུ་ཚོད10དང་སྐར་མ30ཡས་མས་སུ། གོ་རྟགས་སྤོར་བའི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་མགོ་བརྩམས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་དམག་འཛིན་ཆེ་འབྲིང་གི་གོ་རྟགས་སྤོར་བའི་བཀའ་རྒྱ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲེང་རྨིན་གྱིས་གོ་གནས་སྤོར་བའི་མཛད་སྒོར་མགོ་འཛིན་བྱས།
ཞི་ཅིན་ཕིང་གིས་དམག་འཛིན་ཆེ་འབྲིང་གི་གོ་རྟགས་སྤོར་བའི་ཤར་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་དབྱང་ཀྲི་པིན་དང་དབུས་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་ཧན་ཧྲེང་ཡན་ལ་བཀའ་རྒྱའི་ལག་འཛིན་གནང་བ་མ་ཟད་རྟེན་འབྲེལ་ཞུས། དམག་འཛིན་ཆེ་འབྲིང་གི་གོ་རྟགས་བཏགས་པའི་དམག་དཔོན་གཉིས་ཀྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
གོ་རྟགས་སྤོར་བའི་མཛད་སྒོ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་མཇུག་བསྒྲིལ། དེའི་རྗེས། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་དང་དམག་འཛིན་ཆེ་འབྲིང་གི་གོ་རྟགས་སྤར་བའི་དམག་དཔོན་གྱིས་མཉམ་པར་བསྐྱོན།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲེན་ལི་དང་། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་དམག་དཔུང་གི་པེ་ཅིན་དུ་སྡོད་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས།